ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཀྲུང་གུང་ཧི་པེ་ཞིང་ཆེན་ཏང་ཨུ་དང་ཞུང་ཨན་ཁུལ་གསར་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་བསྒྲུབས་པའི“ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཞུང་ཨན་དུ་ལག་བསྟར་བྱེད་པའི”ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་ཟླ6པའི་ཚེས27ཉིན་ཧི་པེ་ཞུང་ཨན་ཁུལ་གསར་དུ་འཚོགས། ཐེངས་འདིའི་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུའི་སྟེང“པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་འོག་གི་ལོ་ངོ་སྟོང་གི་འཆར་གཞི་ཆེན་པོ”བརྗོད་བྱ་གཙོ་བོར་བྱས་ཡོད་ལ། རྒྱལ་ཁབ40ཙམ་ནས་ཡོང་བའི་སྲིད་ཏང་གི་འགོ་ཁྲིད་པའམ་ཡང་ན་འཐུས་མི230ལྷག་ཙམ་ཚོགས་འདུར་ཞུགས་ཡོད།
ལོ་ངོ་བདུན་ལྷག་ཙམ་གྱི་རིང་ལ། ཞུང་ཨན་ཁུལ་གསར་དུ་རིམ་རྩིས་བྱས་ན་གཙོ་གནད་རྣམ་གྲངས383ལག་བསྟར་བྱས་ཤིང་མེད་པ་ནས་ཡོད་པ་དང་འཆར་གཞི་ནས་དངོས་ཡོད་ཀྱི་རྣམ་པར་འཕེལ་འགྱུར་བྱུང་ཡོད། ཚོགས་འདུར་ཞུགས་མཁན་ཕྱི་རྒྱལ་སྐུ་མགྲོན་གྱིས་བསྟན་དོན། ཞུང་ཨན་ཁུལ་གསར་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་ཡིན་པ་དང་། དེ་ལས་ཀྲུང་གོའི་གུང་ཁྲན་ཏང་གི་མིག་རྒྱང་རིང་པོ་དང་ལྟ་བ་ཟབ་མོ་མཚོན་གྱི་ཡོད་པས། ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་བྱས་ནས་ལག་གདང་སྦྲེལ་ཏེ་སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་རྒྱུའི་རེ་བ་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།