ཞིང་ཆེན་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས།
2024.06.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

 ཟླ6ཚེས27ཉིན་གྱི་ཕྱི་དྲོ། ཞིང་ཆེན་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། “གུས་སྐྲག་ཤེས་པ་དང་།   སྐྲག་སྣང་གི་སེམས་ཡོད་པ།  ཚད་མཐའ་སྲུང་བ་བཅས”ཀྱི་བརྗོད་དོན་གཙོ་བོར་དམིགས་པ་དང《ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བྱེད་པའི་སྐོར་གྱི་རྣམ་བཤད་གནད་བསྡུས》ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ནས་བརྗེ་རེས་དང་བགྲོ་གླེང་བྱས།  ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན།  སློབ་སྦྱོང་ལ་དམ་འཛིན་ཏན་ཏིག་དང་མགོ་མཇུག་ཡོད་པར་བྱས་ཏེ།  སྒྲིག་ཁྲིམས་སློབ་སྦྱོང་དང་སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་གསལ་རྟོགས་བཅས་ལ་བརྟེན་ནས་སྒྲིག་ཁྲིམས་བརྩི་སྲུང་དང་སྒྲིག་ཁྲིམས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས།  ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏོང་བར་ཏན་ཏིག་སྒོས་ཕན་འབྲས་ཐོབ་པར་བྱེད་དགོས།    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཆེན་རྒྱུན་ལས་ཨུ་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་སུ་ཞུགས།

ཚོགས་འདུའི་སྟེང་། མགོན་པོ་བཀྲ་ཤིས་དང་། ཝང་ཝུའེ་ཏུང་། ཀྲའོ་ཡུའེ་ཞ། དབྱང་ཧྥ་སིན། པད་ཁོ།  ཉི་མ་སྒྲོལ་མ། ཁྲ་ཆིན་ཅིའུ་སོགས་ལྟེ་བའི་ཚན་ཆུང་གི་ཁོངས་མིས་བརྗོད་དོན་གཙོ་བོ་དང《གནད་བསྡུས》ལ་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ཏེ།  རང་སོ་སོའི་བྱ་བ་དང་ཟུང་འབྲེལ་གྱིས་བརྗེ་རེས་ངོས་འཛིན་དང་། མྱོང་ཚོར་མཉམ་སྤྱོད་བྱས་ཤིང་། ལྟེ་བའི་ཚན་ཆུང་གི་ཁོངས་མི་གཞན་དག་གིས་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་ཕུལ།

ཁྲིན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གསུམ་ལ་མཐོ་སྒང་དུ་ཕེབས་ནས་མཚོ་སྔོན་ལ་རྟོག་ཞིབ་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཞིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནམ་ཡང་མཚོ་སྔོན་གྱི་ལས་དོན་ཐུགས་སུ་བཅངས་ཡོད་པ་མཐོང་ཐུབ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ“བཅོས་སྒྱུར་ཟབ་སྤེལ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་རྒྱུན་འཁྱོངས་བྱེད་པ”བཅས་ཀྱི་བླང་བྱ་གལ་ཆེན་བཏོན་ཞིང་།  ང་ཚོར“ མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས”ཞེས་ནན་བཤད་གནང་བའི་ཚིག་འབྲུ་རེ་རེ་ལས་མངགས་བཅོལ་ཟབ་མོ་དང་རེ་སྒུག་ཆེན་པོ་མངོན་ཡོད།  ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བརྩེ་སེམས་ཡིད་ལ་བརྟན་པོར་བཅངས་ནས་དྲིན་ཚོར་མདུན་སྐྱོད་བྱས་ཏེ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་བྱས་རྗེས་གསར་པ་སྔར་ལས་ཆེན་པོ་འཇོག་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་ན། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་དང་དཔོན་རིགས་བཅོས་སྐྱོང་ནན་མོ་བྱེད་པ་ནས་དམ་འཛིན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་འགན་འཁུར་བ་དང་། རྩ་འཛུགས་དང་མང་ཚོགས་ལ་འགན་འཁུར་བ། ལས་དོན་དང་བྱ་གཞག་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་དང་ཁག་ཁུར་ལ་བརྟེན་ནས།  ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་གི་ཐུགས་བློ་བདེ་བ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་བློ་བདེ་བོ་ཡོང་བར་བྱེད་དགོས། སྔར་ལས་རང་རྟོགས་ཀྱི་སྒོ་ནས་རང་ཉིད་དེའི་ཁྲོད་ཞུགས་པ་དང་། འགན་འཁྲི་དེའི་ཁྲོད་ལག་བསྟར་བྱེད་པ།  ལས་དོན་དེའི་ཁྲོད་སྤེལ་བ་བཅས་བྱས་ཏེ། འགོ་ཁྲིད་ལས་བྱེད་པ6གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་ཚབས་ཆེན་འགལ་བའི་གནད་དོན་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ་གྱོད་དོན་ལ་བརྟེན་ནས་དག་ཐེར་བྱེད་པར་སྐུལ་འདེད་གཏོང་བ་དང་།  “ལས་བྱེད་པའི་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ”བཅས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་འགྱུར་བར་བྱེད་དགོས། སྒྲིག་ཁྲིམས་དང་སྒྲིག་སྲོལ་དེ་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་འགྱུར་བ་བྱེད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པ་དེ་གཏན་ནས་གཡོ་འགུལ་མི་གཏོང་བ་དང་། ལྷོད་གཡེང་མི་གཏོང་བ།  བཟོད་སྒོམ་མི་བྱེད་པ་བཅས་བློ་ལ་བརྟན་པོར་ངེས་པ། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་བྱ་སྤྱོད་མཐའ་གཅིག་ཏུ་མེད་པར་བཟོ་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས།

ཁྲིན་ཀང་གིས་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ཏེ། སློབ་སྦྱོང་གི་བརྒྱུད་རིམ་དེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་མཐོ་རུ་གཏོང་བའི་བརྒྱུད་རིམ་ངོ་མར་བསྒྱུར་བ་དང་། གོང་གིས་འོག་ལ་སྣེ་ཁྲིད་དང་། འཁུར་ལེན་དངོས་སྒྲུབ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་གི་རང་རྟོགས་བྱ་སྤྱོད་ཀྱིས་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་རྒྱུན་ཆད་མེད་པར་བསྐྲུན་པ་དང་། ཚད་ངེས་ཅན་གི་སྟེང་ནས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི“མཚོ་སྔོན་ལ་རྒྱུས་ལོན་དང་། མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་སྤེལ”བཅས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན།

ཞིང་ཆེན་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།