ཁྲིན་ཀང་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་ཐན་སེལ་དང་གནོད་འགོག་གནོད་སྐྱོབ་བྱ་བའི་ཆེད་དོན་ཚོགས་འདུར་ཞུགས།
2024.06.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

ཟླ6ཚེས27ཉིན་གྱི་སྔ་དྲོ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་ཐན་སེལ་དང་གནོད་འགོག་གནོད་སྐྱོབ་བྱ་བའི་ཆེད་དོན་ཚོགས་འདུར་མགོ་འཛིན་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་།  ཞོད་འགོག་ཐན་སེལ་དང་གནོད་འགོག་གནོད་སྐྱོབ་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས།  དབྱེ་ཞིབ་བརྡར་གཅོད་ལ་ཤུགས་བསྣན་ནས་ཉེན་ཁ་ཚབས་ཆེན་འགོག་སེལ་གྱི་ནུས་པ་ཆེ་རུ་བཏང་སྟེ།  གློ་བུར་བྱུང་བའི་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་བརྟན་འཇགས་ཡོང་བར་འགན་སྲུང་ནུས་ལྡན་བྱེད་དགོས།

ཁྲིན་ཀང་གིས་བསྟན་དོན། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་གྱིས་མཚོ་བོད་མཐོ་སྒང་གི་གནམ་གཤིས་དྲོ་བརླན་ཅན་དུ་འགྱུར་ཚུལ་སྔར་ལས་མངོན་གསལ་ཡིན་པ་དང་།  གནམ་གཤིས་མི་ལེགས་པའི་གནས་ཚུལ་མང་དུ་ཕྱིན་ཅིང་ས་གཤིས་ཀྱི་གནོད་འཚེ་ཡང་ཡང་འབྱུང་གིན་ཡོད། ཉེན་ཁའི་འདུ་ཤེས་དང་བསམ་གཞིགས་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་ནས།  གནོད་འགོག་གནོད་སྐྱོབ་བྱ་བའི་གནས་བབ་གསར་པར་ངོས་འཛིན་ཡང་དག་བྱས་ཏེ།  གཙོ་གནད་ཁོང་དུ་ཆུད་པ་དང་ཁྱོན་ཡོངས་ལ་འཆར་འགོད་བྱས་ཏེ།“ལོ་བཅུ་ལ་བལྟ་བ་དང་། ལོ་གསུམ་ལ་བསམ་བློ་གཏོང་བ། ལོ་དེར་ཡག་པོ་སྒྲུབ་པ”བཅས་བྱེད་དགོས། རང་རྟོགས་ཀྱི་སྒོ་ནས་འབྲེལ་ཡོད་ཤེས་བྱར་སློབ་སྦྱོང་དང་ཞིབ་འཇུག་བྱེད་པ་དང་། ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་བྱེད་པ། འཕེལ་ཕྱོགས་ལ་རྒྱུས་ལོན་བྱེད་པ་བཅས་བྱས་ཏེ།  གནོད་འགོག་གནོད་སྐྱོབ་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་དགོས། གནོད་འགོག་གནོད་སེལ་གནོད་སྐྱོབ་ཀྱི་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱས་ནས།  “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཁྲོད་ཀྱི་གནོད་འགོག་གནོད་སྐྱོབ་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འབྲེལ་ཡོད་ནང་དོན་འཆར་འགོད་ཡག་པོ་བྱེད་དགོས། འབྱུང་སྲིད་པའི་གནམ་གཤིས་དང་ཆུ་ལོག  ས་ཡོམ།  ས་གཤིས་བཅས་ཀྱི་གནོད་འཚེ་ལ་དམིགས་ནས་གནོད་འཚེ་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ། སྔོན་འགོག་དང་ཁ་གཏད་འཇལ་བ་སོགས་ཀྱི་ནུས་པ་མཐོར་འདེགས་བྱེད་དགོས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་གནད་དོན་ཁྲིད་སྟོན་དུ་འཛིན་པ། བྱ་བའི་མི་འདང་ས་ཁ་གསབ་བྱེད་པ་དང་བྱ་བའི་ཆུ་ཚད་མཐོ་རུ་འདེགས་པ། སྟེས་དབང་གིས་གིས“སྟབས་ལེགས་བྱུང་བའི”བསམ་ཚུལ་མེད་པ། ཕྱི་ཚུལ་ཙམ་གྱི་རྣམ་པ་མི་སྟོན་པ།   དམ་འཛིན་དང་དོ་དམ་ངོ་མ་བྱས་ནས་གཞན་ལ་ཕོག་ཐུག་གཏོང་བར་མི་སྐྲག་པ་བཅས་བྱེད་དགོས། བཀོད་གཏོང་བྱེད་ཐབས་ཡག་པོ་སྤྱད་དེ་གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་ཤུགས་བསྣན་ནས་དུས་ཐོག་ཏུ་གནད་དོན་ཐག་གཅོད་དང་གནོན་ཤུགས་བརྒྱུད་སྤེལ། འགན་འཁྲི་སྲ་བརྟན་བཅས་བྱས་ནས་བྱ་བ་ནན་ཏན་དང་ཞིབ་ཚགས་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱོགས་བསྡུས་རེའུ་མིག་གིས་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་དོ་དམ་བྱེད་པ་དང་ས་གནས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྱི་གཞི་གྲངས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ།  གནོད་འཚེ་འགོག་སྲུང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བྱེད་དགོས།  གནམ་གཤིས་དང་ས་གཤིས་གནོད་འཚེ། གློ་བུར་དུ་བྱུང་བའི་དོན་རྐྱེན་སོགས་གཞི་གཅིག་ཅན་གྱི་ཉེན་བརྡའི་མ་ལག་འཐུས་ཚང་དུ་བཏང་ནས།  བྱ་བའི་སྒྲིག་སྲོལ་སྣ་ཚོགས་ཞིབ་ཚགས་དང་གནད་ལ་འཁེལ་བ། སྐས་རིམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། གནོད་འགོག་གནོད་སྐྱོབ་བཟོ་སྐྲུན་གྱི་ལས་གཞིའི་འཛུགས་སྐྲུན་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་ནས། དམངས་སེམས་བཟོ་སྐྲུན་དང་སྤུས་ལེགས་བཟོ་སྐྲུན སྲིད་གཙང་བཟོ་སྐྲུན་བཅས་ལེགས་གྲུབ་ཡོང་བར་འགན་ལེན་ནན་མོ་བྱེད་དགོས། སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་དངོས་འཐབ་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་པ་སོ་སོ་དང་རིགས་སོ་སོའི་འཕྲལ་སྡོམ་སྔོན་ཇུས་ཕན་ནུས་ལྡན་པའི་སྒོ་ནས་སྦྲེལ་མཐུད་བྱེད་པར་མཐོང་ཆེན་བྱེད་དགོས། སྤྱོད་གོ་ཆོད་པའི་འཕྲལ་སྡོམ་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས།  མང་ཚོགས་ཀྱིས་གནད་འགག་གི་སྐབས་སུ་བསམ་བློ་གཏོང་ཐུབ་པ་དང་། བཀོལ་སྤྱོད་བྱེད་ཐུབ་པ། སྲོག་སྐྱོབ་ཐུབ་པ་བཅས་བྱས་ཏེ།“དུས་དང་རྣམ་པ་ཀུན་ཏུ་སེམས་བདེ་མི་ཐུབ་པའི”འགན་འཁྲི་འཁུར་སེམས་དང“བྱ་བ་ཡོད་ཚད་ལ་གདེང་ཚོད་ཡོད་པའི”འགན་འཁྲི་འཁུར་ནས།  ནུས་ཤུགས་ཡོད་རྒུས་རང་ཞིང་གི་སྔོན་འགོག་དང་ཁ་གཏད་འཇལ་བའི་བྱ་བ་སོ་སོ་ཡག་པོར་བསྒྲུབ་དགོས།

ཚོགས་འདུ་ལས་རང་ཞིང་གི་ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་ཞིབ་འཇུག་གནས་ཚུལ་དང་ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་དང་། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཕུལ་བའི་བྱ་བའི་སྙན་ཞུ་ལ་ཉན།  ཟི་ལིང་གྲོང་ཁྱེར་དང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན།   ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ས་ཡོམ་ཅུའུ། ཞིང་ཆེན་མེ་གསོད་རྒུད་སྐྱོབ་སྤྱི་ཁྱབ་རུ་ཁག་བཅས་ཀྱིས་ཡིག་ཐོག་ནས་བརྗེ་རེས་བྱས།

ཚོགས་འདུ་བརྙན་ལམ་ནས་བསྡུས་པ་དང་། ཞིང་ཆེན་གྱིས་ཚོགས་ར་གཙོ་བོ་བཙུགས་པ་དང་གྲོང་ཁྱེར་དང(ཁུལ)སོ་སོས་ཡན་ལག་ཚོགས་ར་བཙུགས།  ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ཝེ་ཏུང་དང་ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥུན། ལུའི་ཀང་། ལིའུ་ཐའོ་བཅས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།