ཞི་ཅིན་ཕིང་དང་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གིས་ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲིངས།
2024.06.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 19

ཟླ6པའི་ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལུའོ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲིངས་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཝེ་ནེ་ཙུའེ་ལཱ་ནི་ཕན་ཚུན་ཡིད་ཆེས་དང་མཉམ་དུ་འཕེལ་རྒྱས་འགྲོ་བའི་གྲོགས་པོ་བཟང་པོ་ཡིན། འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ཙམ་སོང་བའི་ཚུན་དུ། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་འགྱུར་ལྡོག་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། ལག་རྡང་སྦྲེལ་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ་སྲ་བརྟན་གྱི་མཛའ་བརྩེ་ཆགས་ཡོད། ན་ནིང་གི་ཟླ9པར་ཙུང་ཐུང་མཱ་ཏུའུ་ལུའོ་ཡིས་བདེ་བླག་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་། ང་ཚོས་མཉམ་དུ་ཀྲུང་གོ་དང་ཝེ་ནེ་ཙུའེ་ལཱའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་མཐོར་འདེགས་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རབས་གསར་པར་སླེབས་པར་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལཱ་ཕྱོགས་དང་མཉམ་དུ་འབྲེལ་བ་བཙུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཛིན་དང་། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་བྱེད་པ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་འགོ་འཛུགས་ས་གསར་པར་བྱེད་པ། ཀྲུང་གོ་དང་ཝེ་ནེ་ཙུའེ་ལཱའི་ཕྱོགས་ཡོངས་ཀྱི་རོགས་རེས་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་སྔར་ལས་ཆེ་བ་ཕུལ་ཏེ་ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

མཱ་ཏུའུ་ལུའོ་ཡིས་བསྟན་དོན། ཝེ་ནེ་ཙུའེ་ལཱ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ50འགོར་བའི་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད་ལ། ལྷག་པར་དུ་ཝེ་ནེ་ཙུའེ་ལཱ་དང་ཀྲུང་གོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་པར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད། ཝེ་ནེ་ཙུའེ་ལཱ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་གོར་བཀག་འགོག་བྱེད་པའི་རེ་ངན་གང་རུང་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་དོན་འཁྱོལ་བྱེད་པའི་ནང་ཧུར་ཐག་གིས་ཞུགས་ནས་ཝེ་ནེ་ཙུའེ་ལཱ་དང་ཀྲུང་གོའི་མཛའ་མཐུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།

ཤ་བོ་གསེར་མཚོས་བསྒྱུར།