རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས28ཉིན་པེ་ཅིང་དུ་ཕེ་རུའི་ཙུང་ཐུང་པའོ་ལུའུ་ཨ་ཨར་ཐི་ལ་མཇལ་འཕྲད་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། 2013ལོར་ཀྲུང་གོ་དང་ཕེ་རུ་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་ལས་སྲ་བརྟན་དུ་ཕྱིན་པ་དང་དངོས་སྒྲུབ་མཉམ་ལས་ཉིན་རེ་བཞིན་རྒྱ་ཆེར་ཕྱིན་ཡོད། ཉེ་ཆར། ཕེ་རུའི་རྒྱལ་ཚོགས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་ལོ་རེའི་ཟླ2པའི་ཚེས1ཉིན“ཀྲུང་གོ་དང་ཕེ་རུའི་མཛའ་མཐུན་ཉིན་མོར”གཏན་འཁེལ་བྱས་པ་དེ་ལས་ཀྲུང་གོ་དང་ཕེ་རུའི་མཛའ་བརྩེ་གཏིང་ཟབ་ཏུ་གཏོང་རྒྱུ་ནི་ཕེ་རུའི་ལས་རིགས་ཁག་གི་ཐུན་མོང་ངོས་འཛིན་ཡིན་པ་སླར་ཡང་གསལ་པོར་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཕྱོགས་དང་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཕེ་རུ་དང་། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཕེ་རུའི་རྒྱལ་ཚོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་དང་། རིམ་པ་ཁག་གི་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྲིད་སྐྱོང་ལུགས་དང་ཁྲིམས་འཛུགས་ཀྱི་ཉམས་མྱོང་བརྗེ་རེས་བཅས་བྱས་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་གཏོད་འདོད་ཡོད་ཅེས་གསུངས།
པའོ་ལུའུ་ཨ་ཨར་ཐི་ཡིས་བསྟན་དོན། ཕེ་རུ་དང་ཀྲུང་གོའི་བར་མཛའ་བརྩེའི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཕྱི་སྡོད་ཀྲུང་གོ་བ་ནི་ཕེ་རུའི་སྣ་མང་ཅན་གྱི་སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཕེ་རུ་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་ལ་ཤུགས་སྣོན་བརྒྱག་པ་དང་། ཕྱོགས་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཝུའུ་ཝུའེ་ཧྭ་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།