རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས།
2024.06.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 9

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས28ཉིན་པེ་ཅིང་དུ་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུར་མགོ་འཛིན་གནང་། ཁོང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཁྱོན་ཡོངས་ཁྲོད་ཀྱི་ཞང་ཀང་དང་ཨའོ་མིན་གྱི་ནུས་པ་འདོན་སྤེལ་བྱེད་པར་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཀོང་ཏུང་དང་ཨའོ་མིན་མཚོ་ཁུག་ཆེན་པོའི་འཐབ་ཇུས་གལ་ཆེན་སྐུ་དངོས་སུ་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་བཏང་ནས་ཞང་ཀང་དང་ཨའོ་མིན་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འདྲེས་པར་སྐུལ་འདེད་བཏང་བ་དང་། ཞང་ཀང་དང་ཨའོ་མིན་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། ཀོང་ཏུང་དང་ཨའོ་མིན་མཚོ་ཁུག་ཆེན་པོའི་འཛུགས་སྐྲུན་སོགས་ཀྱི་ཐད་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱེད་པར་སྣེ་ཁྲིད་བྱས་ཡོད། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞང་ཀང་དང་ཨའོ་མིན་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ་འགན་འཁྲི་སྒྲུབ་པའི་གྲོས་འགོའི་ཁ་ཕྱོགས་དང་ཤུགས་རྒྱག་ས་གཏན་འཁེལ་བྱ་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། རང་རྒྱལ་གྱི་ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ཞང་ཀང་དང་ཨའོ་མིན་གྱི་ནུས་པ་འདོན་སྤེལ་བྱེད་པ་སོགས་འབྲེལ་ཡོད་གཙོ་གནད་གནད་དོན་ལ་མུ་མཐུད་དུ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་ཁ་གཏད་འཇལ་ཐབས་དང་གྲོས་འགོ་འདོན་པ་དང་། རྒྱལ་ཁབ་ཀྱིས་ཞང་ཀང་དང་ཨའོ་མིན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་དམ་ཟབ་བྱེད་པར་རོགས་རམ་བྱེད་དགོས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཞང་ཀང་དང་ཨའོ་མིན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་དམིགས་ནས་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་། དུས་རབས་གསར་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཞང་ཀང་དང་ཨའོ་མིན་གྱི་གཏམ་རྒྱུད་དང་ཀྲུང་གོའི་གཏམ་རྒྱུད་ཡག་པོར་བརྗོད་ནས་ཕྱོགས་སོ་སོས་ཞང་ཀང་དང་ཨའོ་མིན་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འདྲེས་པར་རོགས་རམ་བྱེད་པར་ཁྲིད་སྟོན་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་འཛུགས་སྐྲུན་ཁྲོད་ཞུགས་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན12ཀྱིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱི་ཚོགས་ར་གཙོ་བོ་དང་། ཧྥུའུ་ཅན་དང་། ཞང་ཀང་། ཨའོ་མིན་བཅས་ཀྱི་ཡན་ལག་ཚོགས་ར། ཧྲང་ཧའེ་དང་ཀྲེ་ཅང་སོགས་ས་ཁུལ་དུ་བརྙན་ལམ་སྦྲེལ་མཐུད་སོགས་ཀྱི་རྣམ་པར་བརྟེན་ནས་གཏམ་བཤད་སྤེལ། ཚང་མས་ཀོང་ཏུང་དང་ཞང་ཀང་། ཨའོ་མིན་ས་ཁུལ་གསུམ་གྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་སྒྲིག་སྲོལ་འབྲེལ་མཐུད་དང་ལམ་སྲོལ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་དང་།  ཞང་ཀང་གི་རྒྱལ་སྤྱིའི་དངུལ་རྩ་དང་། མཚོ་ཐོག་སྐྱེལ་འདྲེན་དང་ཉོ་ཚོང་ལྟེ་གནས་སུ་གནས་པའི་གོ་གནས་སྲ་བརྟན་དུ་གཏོང་དགོས་ལ། ནན་ཧྲ་དང་། ཧིན་ཆིན། ཧི་ཐའོ་སོགས་མཉམ་ལས་ལས་སྟེགས་ཀྱི་སྔོན་ལ་དཔེ་སྟོན་བྱེད་པའི་ནུས་པ་འདོན་སྤེལ་བྱ་དགོས། ཀོང་ཏུང་དང་ཞང་ཀང་། ཨའོ་མིན་མཚོ་ཁུག་ཆེན་པོའི་ཁུལ་གྱི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱེད་པར་མྱུར་མོར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་གསར་གཏོད་ཐོན་ཁུངས་གཅིག་སྡུད་བྱས་ཏེ་གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ལྡན་པའི་ཚན་རྩལ་གསར་གཏོད་སྒོ་འབྱེད་ཁོར་ཡུག་གསར་གཏོད་བྱ་དགོས།

ཀྲུང་དབྱང་གི་ཞང་ཀང་དང་ཨའོ་མིན་བྱ་བའི་གཞུང་སྒྲུབ་ཁང་དང་། ཚན་རིག་ལག་རྩལ་པུའུ། ཚོང་དོན་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། སྲིད་གྲོས་ཨུ་ཡོན་དང་གྲོས་མོལ་བརྗེ་རེས་བྱས།

ཤ་བོ་གསེར་མཚོས་བསྒྱུར།