ལིས་ཆང་གིས་ཕེ་རུའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2024.06.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 13

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས28ཉིན་པེ་ཅིང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཕེ་རུའི་ཙུང་ཐུང་པའོ་ལུའུ་ཨ་ཨར་ཐི་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཕེ་རུ་བར་གྱི་མཛའ་བརྩེའི་ལོ་རྒྱུས་ཡུན་རིང་ལྡན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་སྐུ་ལྕམ་དང་གྲོས་མོལ་བྱས་ནས་ཀྲུང་གོ་དང་ཕེ་རུའི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཆེད་འཆར་འགོད་གསར་པ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་གྱི་འཐབ་ཇུས་སྣེ་ཁྲིད་ལ་བརྩི་སྲུང་དང་། སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་གཏོང་བ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྣེ་ཁྲིད་དུ་བྱས་ཏེ་ཚོང་དོན་གཞི་ཁྱོན་མུ་མཐུད་དུ་རྒྱ་ཆེར་གཏོང་རྒྱུ་དང་། གཏེར་ལས་དང་། རྨང་གཞིའི་འཛུགས་སྐྲུན། ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོ་དང་ཕེ་རུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལམ་སྲོལ་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ཧུར་ཐག་གིས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས།

པའོ་ལུའུ་ཨ་ཨར་ཐི་ཡིས་བསྟན་དོན། ཕེ་རུ་དང་ཀྲུང་གོའི་མཛའ་མཐུན་དེ་དམངས་སེམས་སུ་ཟུག་ཡོད། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་དང་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།