རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པ་པེ་ཅིང་དུ་མཇུག་སྒྲིལ།
2024.06.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 15

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པ་ཚེས28ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཇུག་སྒྲིལ། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མཇུག་སྒྲིལ་ཚོགས་འདུར་མགོ་འཛིན་གནང་། ཚོགས་འདུའི་སྟེང་བརྡས་ཐག་བཅད་ནས་གསར་དུ་བཟོ་བཅོས་བརྒྱབ་པའི་གློ་བུར་དོན་རྐྱེན་ལ་ཁ་གཏད་འཇལ་བའི་བཅའ་ཁྲིམས་དང་། གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་བཅའ་ཁྲིམས། གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་མཚམས་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་བཅའ་ཁྲིམས། རྩིས་གཉེར་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་བཅས་ལ་གྲོས་འཆམ་བྱུང་བ་དང་། མཱ་ཞའོ་ཝའེ་ཡི་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་གོ་གནས་མེད་པར་བཟོ་རྒྱུ་དང་། ལེ་ཧའེ་ཁྲའོ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བསྐོ་འཇོག་བྱ་རྒྱུ་གཏན་འབེབས་བྱས།

ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཏུང་བདེ་འཇགས་བཅའ་ཁྲིམས་》ཀྱི་འབྲེལ་ཡོད་གཏན་འབེབས་གནས་སྐབས་ལེགས་སྒྲིག་དང་བེད་སྤྱོད་བྱ་རྒྱུའི་དབང་ཆ་སྤྲོད་པའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2023ལོའི་ཀྲུང་དབྱང་གི་ངེས་རྩིས་ལ་ཆོག་མཆན་འགོད་རྒྱུའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2023ལོའི་ཀྲུང་དབྱང་གི་ངེས་རྩིས་ལ་ཆོག་མཆན་བཀོད་པ་རེད།

གྲོས་ཚོགས་ཐོག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ཐོག་བརྡས་ཐག་བཅད་ནས་ཧོང་ཝའེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བསྐོ་འཇོག་བྱས།

གྲོས་ཚོགས་ཐོག་བརྡས་ཐག་བཅད་དེ་མའོ་ཀྲུང་ཧྭ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དང་། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འདྲི་གཅོད་པ་བཅས་ལ་བསྐོ་འཇོག་བྱས།

གྲོས་ཚོགས་ཐོག་ད་དུང་བསྐོ་འཐེན་གྱི་གྲོས་གཞི་གཞན་དག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།

འབྲེལ་ཡོད་བརྡས་ཐག་གཅོད་པའི་དོན་ཚན་ལེགས་གྲུབ་བྱུང་རྗེས་ཀྲའོ་ལི་ཅི་ཡིས་གསུངས་བཤད་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཁྱོན་བསྡོམས་བཅའ་ཁྲིམས་དང་འབྲེལ་ཡོད་གཏན་འབེབས་འཆར་ཟིན10ལ་གྲོས་ཞིབ་བྱས་པ་དང་། དེའི་ནང་གི་ཁག5ལ་གྲོས་འཆམ་བྱུང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ3ལ་ཉན་ནས་གྲོས་ཞིབ་བྱས་ལ། ཀྲུང་དབྱང་གི་ངེས་རྩིས་ལ་ཞིབ་བཤེར་དང་ཆོག་མཆན་བཀོད་པར་མ་ཟད། ཆིངས་ཡིག2ལ་ཆོག་མཆན་བཀོད་པ་དང་། འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྙན་ཞུ་དང་འབྲེལ་ཡོད་བསྐོ་འཐེན་གྱོད་གཞིར་གྲོས་འཆམ་བྱུང་ནས་སྔོན་བཀོད་ལས་འགན་ཚང་མ་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་བྱུང་ཡོད།

ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། དམངས་ཆེན་གྱི་ལྟ་སྐུལ་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་ཡག་པོ་བསྒྲུབ་པའི་འགག་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཆེན་གྱི་ལྟ་སྐུལ་བྱ་བ་ཡག་པོ་བསྒྲུབ་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་བླང་བྱ་གཞིར་བཟུང་ནས“ཡང་དག་པའི་ལྟ་སྐུལ་དང་། ནུས་ལྡན་གྱི་ལྟ་སྐུལ་། ཁྲིམས་ལྟར་ལྟ་སྐུལ”བཅས་ཀྱི་ཐད་འབད་བརྩོན་བྱ་རྒྱུ་དེ་ཡིན། ལྟ་སྐུལ་ཡང་དག་དང་། ལྟ་སྐུལ་ནུས་ལྡན་བྱེད་པ། ཁྲིམས་ལྟར་ལྟ་སྐུལ་བྱེད་པ་བཅས་ནི་དམངས་ཆེན་གྱིས་ལྟ་སྐུལ་བྱེད་པའི་རྩ་དོན་གལ་ཆེན་དང་ལག་ལེན་གྱི་བླང་བྱ་ཡིན་ལ། ཕན་ཚུན་འབྲེལ་མཐུད་དང་གཅིག་གྱུར་དམ་ཚགས་ཡིན་པས། སྤྱི་ཡོངས་ནས་ཁོང་དུ་ཆུད་པ་དང་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་དམངས་ཆེན་གྱིས་ལྟ་སྐུལ་བྱེད་པའི་ནུས་པ་གལ་ཆེན་སྔར་ལས་ལེགས་པར་འདོན་སྤེལ་བྱ་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་བཞིན་ཡོད་པས། དམངས་ཆེན་གྱི་ལྟ་སྐུལ་ལག་ལེན་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ། གསར་གཏོད་བྱེད་ཐབས་ཕྱོགས་བསྡོམས་ནན་ཏན་བྱེད་པ་དང་། བཅའ་ཁྲིམས་བཟོ་བཅོས་ལེགས་པོ་དང་འཐུས་ཚང་དུ་བཏང་སྟེ། ལྟ་སྐུལ་བྱ་བ་ཡག་པོ་བསྒྲུབ་ཆེད་བཅའ་ཁྲིམས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

མཇུག་སྒྲིལ་ཚོགས་འདུའི་རྗེས་སུ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་བཅུ་གཅིག་པ་འཚོགས་ཤིང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མགོ་འཛིན་གནང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་ཚན་རིག་ཞིབ་འཇུག་ཅུའུ་ཡི་ཅུའུ་ཀྲང་ཧུའུ་པེན་གྱིས《དངུལ་རྩའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས》ཞེས་པའི་འཆད་ཁྲིད་གནང་།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས28ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

ཤ་བོ་གསེར་མཚོས་བསྒྱུར།