ཟླ6པའི་ཚེས28ཉིན་གྱི་སྔ་དྲོར། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སྤེལ་ནས་ལོ་འཁོར་བདུན་ཅུ་ལོན་པའི་རྗེས་དྲན་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྗེས་དྲན་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཁ་བྱང་ལ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་བཏང་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་ཅེས་པའི་གསུང་བཤད་གལ་ཆེན་སྤེལ།
སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཞི་བདེ་སྟེ་ལས་སྐལ་གཅིག་མཐུན་ཚོགས་པ་ཞེས་པའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཕེབས།
ཞི་ཅིན་ཕིང་གིས་རྗེས་དྲན་ཚོགས་ཆེན་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་ཆབ་སྲིད་ལས་རིགས་ཀྱི་མི་སྣ་གཙོ་བོ་དང་ཕྱག་འཇུ་གནང་བ་དང་། མཛའ་བརྩེའི་བརྗེ་རེས་མཛད།
ཐལ་མོ་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཉེ་རབས་དང་དེང་རབས་ཀྱི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་ཁྲོད། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་ཐག་གཅོད་བྱེད་པ་དང་། འཛམ་གླིང་ཞི་བདེ་དང་ཞོད་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། མིའི་རིགས་ཡོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ནི། རྒྱལ་ཁབ་སོ་སོའི་ནམ་ཡང་རྒྱུན་འཁྱོངས་ལྷོད་མེད་སྒོས་འཚོལ་ཞིབ་བྱེད་པའི་བརྗོད་གཞི་གལ་ཆེན་ཡིན། ལོ་ངོ་བདུན་ཅུའི་སྔོན་དུ། མི་རིགས་རང་བཙན་དང་བཅིངས་འགྲོལ་ལས་འགུལ་འཕྲོ་རིམ་འཕྲོར་སྤེལ་བ་དང་། འཛམ་གླིང་གི་མི་སེར་སྤེལ་བའི་མ་ལག་སིལ་བུར་གཏོར། འཇམ་འཐབ་ཀྱི་སྤྲིན་ནག་འཛམ་གླིང་དུ་འཁྲིགས་པ་དང་། བཙན་དབང་ནི་སྤྱི་ལུགས་ཡིན་པའི་འུར་སྒྲ་ཧ་ཅང་ཆེ། རང་བཙན་ཐོབ་མ་ཐག་གསར་དར་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་དང་མི་རིགས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་འདོད་བློ་བརྟན་པ་དང་། ཀྲུང་གོའི་འགོ་ཁྲིད་མི་སྣས་ཐོག་དང་པོར་ཕན་ཚུན་གྱི་བདག་དབང་ལ་བརྩི་བཀུར་བྱེད་པ་དང་། མངའ་ཁོངས་ཆ་ཚང་དང་། ཕན་ཚུན་བཙན་འཛུལ་མི་བྱེད་པ་དང་ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན་དང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཆ་ཚང་བའི་སྒོ་ནས་ཕྱིར་བཏོན་པར་མ་ཟད། དེ་ཀྲུང་གོ་དང་རྒྱ་གར། ཀྲུང་གོ་དང་འབར་མིའི་མཉམ་འབྲེལ་གསལ་བསྒྲགས་ནང་བཞག་སྟེ། རྩ་དོན་ལྔ་དེ་རྒྱལ་ཁབ་བར་གྱི་འབྲེལ་བར་ཁྲིད་སྟོན་བྱེད་པའི་གཞི་རྩའི་རྩ་དོན་དུ་གཏན་ཁེལ་བྱེད་རྒྱུའི་གྲོས་གཞི་བཏོན། དེ་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་སྟེང་གི་རླབས་ཆེན་གྱི་གསར་གཏོད་དུ་གྱུར་བ་དང་། དུས་རབས་འབྱེད་པའི་དོན་སྙིང་གལ་ཆེན་ལྡན།
ལོ་ངོ་བདུན་ཅུའི་ཚུན་དུ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དེ་དུས་སྟོང་དང་འགལ་ཟླ་ལས་བརྒལ་བ་དང་། དུས་ཡུན་རིང་བོ་བརྒྱུད་དེ་སྔར་ལས་སྲ་བརྟན་དུ་གྱུར་བ་དང་ལོ་ངོ་མང་པོ་འགོར་ཡང་སྔར་བཞིན་གསོན་ཤུགས་ལྡན་ལ། སྒོ་འབྱེད་དཀྱེལ་ཡངས་དང་ཀུན་ལ་འཚམ་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དུ་གྱུར་བ་དང་། རྒྱལ་སྤྱིའི་འབྲེལ་བ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཐད་ལོ་རྒྱུས་ཀྱི་ཚད་ཤིང་བཙུགས་པ་དང་། སྤྱི་ཚོགས་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་འཕེལ་རྒྱས་གཏོང་བའི་ཐད་མཛུབ་སྟོན་ཡང་དག་འདོན་སྤྲོད་བྱས་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་མཉམ་འབྲེལ་རང་སྤེལ་ཐད་མཉམ་ཤུགས་ཆེན་པོ་བསྡུས་པ་དང་། རྒྱལ་སྤྱིའི་སྒྲིག་ལམ་བཅོས་བསྒྱུར་དང་འཐུས་ཚང་དུ་གཏོང་བའི་ཐད་ལོ་རྒྱུས་ཀྱི་རིག་སྟོབས་ཕུལ་ལ། མིའི་རིགས་ཀྱི་ཡར་ཐོན་ལས་དོན་ཐད་སུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་མཛད་རྗེས་བཞག
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ངོ་བདུན་ཅུའི་རྗེས་ཀྱི་དེ་རིང་། ཅི་འདྲའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པ་དང་ཇི་ལྟར་འཛུགས་སྐྲུན་བྱེད་པའི་བརྗོད་གཞི་གལ་ཆེན་ལ་ཁ་ཕྱོགས་ནས། ཀྲུང་གོས་ཡང་བསྐྱར་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་ཞེས་པའི་དུས་རབས་ཀྱི་དྲིས་ལན་བཏབ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ནི་གཅིག་རྒྱུད་གཅིག་འཛིན་ཡིན་ལ། དེ་ཚང་མ་ཁྱིམ་མཚེས་མཛའ་མཐུན་དང་ཡིད་རྟོན་འཆམ་མཐུན། རྒྱལ་ཁབ་འགྲིག་མཐུན་གྱི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ལ་རྒྱབ་རྟེན་པ་དང་། ཀྲུང་གོའི་ཕྱི་འབྲེལ་གྱི་རང་རྟོན་རང་འཕེལ་དང་དྲང་གཞག་རྒྱུན་འཁྱོངས། ཉམས་སྐྱོར་ལེགས་སྤེལ་གྱི་སྙིང་སྟོབས་མཚོན་ལ། ཀྲུང་གོ་གུང་ཁྲན་ཏང་མིའི་མིའི་རིགས་ལ་བྱས་རྗེས་སྔར་ལས་ཆེན་པོ་དང་གསར་བ་འཇོག་པའི་འཛམ་གླིང་གི་བརྩེ་སེམས་མཚོན་པ་དང་། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་པའི་ཆོད་སེམས་བརྟན་པོ་མངོན་ལ། གནས་བབ་གསར་བའི་འོག་གི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་ཆེས་བཟང་བའི་རྒྱུན་འཛིན་དང་དར་སྤེལ། རིམ་སྤོར་ཡིན། འདུ་ཤེས་དེ་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ལས་དབང་གཅིག་འདྲེས་དང་བདེ་སྡུག་མཉམ་མྱོང་གི་དོན་དངོས་ལ་རྐང་བཙུགས་ཡོད་པ་དང་། འདྲ་མཉམ་དང་མཉམ་གནས་ཀྱི་དཔེ་མཚོན་གསར་བ་བཙུགས། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་གྱི་དུས་རབས་ཀྱི་འགྲོས་དང་བསྟུན་པ་དང་། ཞི་བདེ་དང་ཡར་ཐོན་གྱི་ཡུལ་ཁམས་གསར་བ་གསར་འབྱེད་བྱས། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཅན་གྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་དམིགས་ནས། འཕེལ་རྒྱས་དང་བདེ་འཇགས་ཀྱི་ལག་ལེན་གསར་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། ཞི་བདེ་དང་དམག་འཁྲུག དར་རྒྱས་དང་ཉམས་རྒུད། མཐུན་སྒྲིལ་དང་ངོ་རྒོལ་བཅས་ཀྱི་ལོ་རྒྱུས་ཀྱི་གདམ་གསེས་ལ་ཁ་གཏད་དེ། ང་ཚོས་སྔོན་ཆད་ཀྱི་དུས་གང་རུང་ཞིག་ལས་ཀྱང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་དགོངས་པའི་གོ་དོན་སྔར་ལས་དར་སྤེལ་བཏང་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་བླ་མེད་དམིགས་འབེན་ལ་ཁ་ཕྱོགས་ནས་འབད་འཐབ་ལྷོད་མེད་བྱེད་དགོས།
ང་ཚོས་བདག་དབང་འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དར་སྤེལ་བཏང་ནས། རྒྱལ་ཁབ་ཚང་མས་སྣེ་མང་མ་ལག་ཁྲོད་རང་ཉིད་ཀྱི་གོ་གནས་འཚོལ་ཐུབ་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་བྱེད་པའི་སྔོན་འགྲོའི་འོག་སྔར་ཡོད་ནུས་པ་འདོན་སྤེལ་བྱེད་ཐུབ་པར་ཁག་ཐེག་བྱེད་པ་དང་། འཛམ་གླིང་སྣེ་མང་ཅན་གྱི་རྒྱུད་རིམ་སྤྱི་ཁོག་ནས་བརྟན་འཇགས་ཡིན་པ་དང་འཛུགས་སྐྲུན་རང་བཞིན་ལྡན་པར་ཁག་ཐེག་བྱེད་དགོས།
ང་ཚོས་ཕན་ཚུན་བརྩི་བཀུར་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཕན་ཚུན་གྱི་དཀྱིལ་སྙིང་ཁེ་ཕན་དང་སེམས་ཁུར་གཙོ་བོར་བརྩི་བཀུར་བྱེད་པ་དང་། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་རང་བདག་སྒོས་གདམ་གསེས་བྱས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དང་ལམ་ལུགས་མ་དཔེ་ལ་བརྩི་བཀུར་བྱས་ནས། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་ངེས་ལུགས་གཙོ་བོར་མཉམ་དུ་སྲུང་སྐྱོང་བྱེད་པ་དང་རང་ཉིད་ཀྱི་འདོད་བློ་གཞན་ཐོག་བཙན་འགེལ་བྱེད་པར་མཉམ་དུ་ངོ་རྒོལ་བྱེད་པ། བཙན་དབང་གིས་རྒྱལ་ཁབ་གཞན་པ་ཕྱོགས་ཁག་ཅན་དུ་བསྒྱུར་བར་ངོ་རྒོལ་བྱེད་དགོས།
ང་ཚོས་ཞི་བདེ་བདེ་འཇགས་ཀྱི་འདུན་ལྗོངས་མངོན་འགྱུར་བྱེད་དགོས། ཞི་བདེ་ལ་སྲུང་སྐྱོང་བྱེད་པའི་འགན་མཉམ་ཁུར་བྱེད་པ་དང་། ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་མཉམ་སྐྱོད་བྱེད་པ། ཞི་བདེ་མཉམ་ཇུས་དང་ཞི་བདེ་མཉམ་སྲུང་། ཞི་བདེ་མཉམ་སྤྱོད་བྱེད་དགོས། འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞི་ལག་བསྟར་བྱེད་པ་དང་། མཉམ་ལས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཉམ་ལས་ཀྱིས་བདེ་འཇགས་ལ་སྐུལ་འདེད་བཏང་སྟེ། སྔར་ལས་དོ་མཉམ་དང་ཕན་ལྡན། རྒྱུན་བསྲིང་ཆོག་པའི་བདེ་འཇགས་ཀྱི་སྒྲོམ་གཞི་འཛུགས་དགོས།
ང་ཚོས་མཉམ་དུ་དར་རྒྱས་གཏོང་བའི་སྒུལ་ཤུགས་གཅིག་སྡུད་བྱེད་དགོས། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དར་སྤེལ་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། དར་རྒྱས་གོང་འཕེལ་འགྲོ་བར་མཉམ་དུ་འཆར་འགོད་བྱེད་དགོས།
ང་ཚོས་དྲང་གཞག་དྲང་བདེན་གྱི་ལྟ་བ་གཙོ་བོར་འཛིན་དགོས། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་ལྟ་བ་དར་སྤེལ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་དེ་རྒྱལ་ཁབ་སོ་སོས་མཉམ་དུ་འབྲི་བ་དང་མཉམ་དུ་སྲུང་སྐྱོབ་བྱེད་པར་རྒྱུན་འཁྱོངས་བྱེད་པ་དང་། འཛམ་གླིང་སྟེང་གི་དོན་དག་སྣ་ཚོགས་རྒྱལ་ཁབ་སོ་སོས་གྲོས་བསྡུར་བྱས་ནས་བསྒྲུབ་དགོས།
ང་ཚོས་སྒོ་འབྱེད་དཀྱེལ་ཡངས་ཀྱི་ཁོག་རྒྱ་མངོན་དགོས། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་སོ་སོའི་མི་དམངས་ཕན་ཚུན་རྒྱུས་མངའ་ཡོད་ཅིང་འགྲོགས་འདྲིས་ཆེ་བར་སྐུལ་འདེད་བཏང་སྟེ། རིགས་སོ་སོའི་དཔལ་ཡོན་དཀྱེལ་ཡངས་དཔེ་ར་ལེན་བྱེད་པར་སྐུལ་འདེད་གཏོང་དགོས། འཛམ་གླིང་གི་རྒྱལ་ཁབ་སོ་སོ་མཉམ་དུ་འཕེལ་རྒྱས་དང་མཉམ་དུ་ཡར་ཐོན་བྱེད་དགོས་ལ། དཔལ་ཡོན་མི་འདྲ་བ་སོ་སོ་ཕན་ཚུན་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་དང་། ཕན་ཚུན་སློབ་སྦྱོང་དང་དཔེར་ལེན་བྱེད་པའི་བརྒྱུད་རིམ་ཁྲོད་དུ་མཉམ་བསྡུ་མཉམ་གསོག་དང་ཕན་ཚུན་སྤེལ་རེས་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ངོ་བདུན་ཅུ་ལྷག་གི་ལོ་རྒྱུས་འཕེལ་རྒྱས་ཀྱིས་ཡང་དང་བསྐྱར་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། འབྲེལ་འདྲིས་རྒྱུས་ལོན་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་སོ་སོས་མཉམ་དུ་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། མ་འོངས་མཉམ་བསྐྲུན་བྱེད་པའི་ཐབས་ལམ་ནུས་ལྡན་ཡིན་པ་ར་སྤྲོད་བྱས། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྔམ་ཟིལ་ཤུགས་ཆེ་བ་དེས་མིའི་རིགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་རྒྱུར་འགག་རྩའི་བྱེད་ནུས་འདོན་སྤེལ་བྱས། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བའི་སྟེང་དུ། གོ་ལ་ཧྲིལ་བོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་སྔར་ལས་སྒོ་འབྱེད་དཀྱེལ་ཡངས་ཀྱི་རྣམ་པས་ལག་རྡང་སྦྲེལ་ནས་མཉམ་དུ་ཡར་རྒྱས་འགྲོ་བ་དང་། མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་མདུན་གྲལ་དུ་བསྐྱོད་དགོས་ཞེས་ནན་གྱིས་གསུངས།
ང་ཚོ་མཉམ་དུ་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་བརྟན་པོ་བྱས་ནས། ཞི་བའི་ཐབས་ལམ་གྱིས་རྒྱལ་ཁབ་བར་གྱི་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། འཛུགས་སྐྲུན་རང་བཞིན་གྱིས་རྒྱལ་སྤྱིའི་ས་ཁུལ་གྱི་ཛ་དྲག་གནད་དོན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པར་ཟབ་ཞུགས་བྱེད་དགོས། མཉམ་དུ་སྒོ་འབྱེད་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཙོ་བོ་བྱས་ཏེ། རྒྱལ་སྤྱིའི་གྲོས་རིམ་གྱི་སྲོག་ཤིང་གནས་བབ་བསྐྱར་དུ་བརྩོན་ལེན་བྱེད་པར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོགས་པོའི་འབྲེལ་བ་བསྐྱར་གསོ་བྱེད་པ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་གཏིང་ཟབ་སྤེལ་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་གྲོས་མོལ་གཏིང་ཟབ་བྱེད་དགོས། མཉམ་དུ་གོ་ལ་ཧྲིལ་བོ་བཅོས་སྐྱོང་བྱེད་པའི་འཛུགས་སྐྲུན་སྟོབས་ཤུགས་བྱས་ནས། ཧུར་ཐག་སྒོས་གོ་ལ་ཧྲིལ་བོ་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་བྱེད་པར་ཟབ་ཞུགས་བྱེད་པ་དང་། ཕྱོགས་སོ་སོའི་ཐུན་མོང་ཁེ་ཕན་རྒྱ་བསྐྱེད་དེ། གོ་ལ་ཧྲིལ་བོའི་བཅོས་སྐྱོང་སྒྲིག་གཞི་སྔར་ལས་དོ་མཉམ་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས། མཉམ་དུ་དཔལ་ཡོན་དཔེར་ལེན་བྱེད་པའི་སྐུལ་འདེད་སྟོབས་ཤུགས་བྱས་ཏེ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དཔལ་ཡོན་མི་འདྲ་བའི་འབྲེལ་འདྲིས་གྲོས་མོལ་ལ་སྐུལ་སྤེལ་གཏོང་བ་དང་། རྒྱལ་བཅོས་སྲིད་སྐྱོང་གི་བརྗེ་རེས་ལ་ཤུགས་བསྣན་ནས། སློབ་གསོ་དང་། ཚན་རྩལ། རིག་གནས། ས་ཁུལ། དམངས་ཁྲོད། ན་གཞོན་སོགས་ཁྱབ་ཁོངས་ཀྱི་འགྲོ་འོང་གཏིང་ཟབ་ཏུ་སྤེལ་དགོས།
ཞི་ཅིན་ཕིང་གིས་ཁྱབ་སྒྲོག་བྱས་དོན། གོ་ལ་ཧྲིལ་བོའི་ལྷོ་ཕྱོགས་མཉམ་ལས་ལ་སྔར་ལས་རྒྱབ་སྐྱོར་བྱ་ཆེད། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཞིབ་འཇུག་ལྟེ་གནས་བཙུགས་ཤིང་། མ་འོངས་པའི་ལོ་ལྔའི་རིང་ལ། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་ཁྱད་འཕགས་གཟེངས་བསྟོད་དངུལ་གྱི་མིང་སྐལ་སྟོང་གཅིག་སྟེར་རྒྱུ་དང་། ཞིབ་འཇུག་ཟབ་སྦྱོང་གི་མིང་སྐལ་ཁྲི་བཅུ་འདོན་སྤྲོད་བྱེད་པ་དང་། གོ་ལ་ཧྲིལ་བོའི་ན་གཞོན་སྣེ་ཁྲིད་པའི་འཆར་གཞིའི་བྱ་བ་སྤེལ་རྒྱུ་ཡིན། མུ་མཐུད་དུ་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་ཐེབས་རྩ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཐེབས་རྩ། གནམ་གཤིས་འགྱུར་ལྡོག་ཐད་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཐེབས་རྩ་བཅས་བཀོལ་སྤྱོད་ལེགས་པོ་བྱས་ནས། འབྲེལ་ཡོད་ཕྱོགས་ཀྱིས་མཉམ་དུ་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་མགོ་ལག་བསྟར་བྱེད་པའི་ཕྱོགས་གསུམ་པའི་མཉམ་ལས་དཔེ་སྟོན་ལྟེ་གནས་བཙུགས་ཏེ། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཕྱོགས་གསུམ་པའི་མཉམ་ལས་ཐེབས་རྩ་འཛུགས་དགོས། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རང་མོས་ཉོ་ཚོང་གི་བཀོད་སྒྲིག་ཐད་གྲོས་མོལ་བྱེད་འདོད་ཡོད་ལ། མུ་མཐུད་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཚོང་སྐུལ་རོགས་རམ་གྲོས་འདོན་ལ་རྒྱབ་སྐྱོར་བྱས་ནས་ཀྲུང་གོའི་རྣམ་གྲངས་ཐོ་འགོད་མ་འཇོག་བྱ་རྒྱུ་ཡིན། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་སྔར་ལས་མང་པོ་གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས་རྒྱལ་སྤྱིའི་ཉོ་ཚོང་མཉམ་འབྲེལ་སྒྲོམ་གཞིའི་གྲོས་འདོན་ཁྲོད་ཞུགས་པར་དགའ་བསུ་ཞུ།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ནི་སྔ་མོ་ནས་ཀྲུང་གོའི་རྩ་ཁྲིམས་ཁྲོད་བཞག་ཡོད་ཅིང་། ཀྲུང་གོའི་རང་བཙན་རང་བདག་དང་ཞི་བདེ་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་རྡོ་ལྟ་བུ་ཡིན། ཀྲུང་གོ་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་དུ་འགྲོ་བའི་ཆོད་སེམས་ལ་འགྱུར་བ་མེད་ལ། རྒྱལ་ཁབ་སོ་སོར་མཛའ་བརྩེ་མཉམ་ལས་བྱེད་པའི་ཆོད་སེམས་ལ་འགྱུར་བ་མེད་པ་དང་། འཛམ་གླིང་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ཆོད་སེམས་ལའང་འགྱུར་བ་མེད། ཀྲུང་གོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་མུ་མཐུད་དུ་དར་སྤེལ་བཏང་ནས། རྒྱལ་ཁབ་སོ་སོར་མཉམ་དུ་ལག་རྡང་སྦྲེལ་ནས་མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་འཛུགས་སྐྲུན་བྱེད་པ་དང་། འཛམ་གླིང་ཞི་བདེ་ལ་སྲུང་སྐྱོབ་བྱས་ནས། མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་བྱས་རྗེས་སྔར་ལས་ཆེ་བ་འཇོག་འདོད་ཡོད།
ཞི་ཅིན་ཕིང་གིས་མཇུག་མཐར་བསྟན་དོན། ད་ལྟ་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏང་བའི་འགན་ཁུར་དེ། ལོ་རྒྱུས་ཀྱིས་ང་ཚོའི་ལག་ཏུ་སྤྲད་ཡོད། ང་ཚོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སྤེལ་ནས་ལོ་འཁོར་བདུན་ཅུ་འཁོར་བའི་རྗེས་དྲན་དེ་མགོ་ཚུགས་སར་བྱས་ནས། ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ལ་འཁུར་ཞིང་། ལག་རྡང་སྦྲེལ་ནས་དཔའ་སྤོབས་མདུན་བསྐྱོད་བྱས་ཏེ། མཉམ་དུ་མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་དགོས་པ་དང་། མིའི་རིགས་སྤྱི་ཚོགས་ལ་སྔར་ལས་མཛེས་སྡུག་གི་མ་འོངས་པ་གསར་སྐྲུན་བྱ་དགོས།
ལིས་ཆང་གིས་རྗེས་དྲན་ཚོགས་འདུར་འགོ་འཛིན་བྱས། ཚའེ་ཆི་དང་ཝང་དབྱི། ཅང་ཞིན་ཀྲི་སོགས་གྲོས་ཚོགས་ལ་ཞུགས།
ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྔོན་ཆད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ནོང་ཏི་མིན་དང་། འབར་མའི་ཙུང་ཐུང་ཟུར་པ་ཏིན་ཧྲིན། པཱ་ཞིའི་ཙུང་ཐུང་ཟུར་པ་དང་གསར་སྤེལ་དངུལ་ཁང་གསར་བའི་འགོ་གཙོ་ལུའོ་སེ་ཧྥུ། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་མའོ་ཐིག་ལན་ཏིས། ཨོ་ཙེ་ཨོ་ཕི་ཡའི་ཙུང་ཐུང་ཟུར་པ་མུའུ་ལ་ཐུའུ། སི་རི་ལན་ཁའི་ཙུང་ཐུང་ཟུར་པ་ལཱ་ཅཱ་ཕཱ་ཁུ་སཱ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཧོང་ཧྲན་ཡུག་ཅིས་ཧྥུ། དབྱི་ཐ་ལིའི་ཙུང་ལི་ཟུར་པ་ཏཱ་ལེ་མཱ། ཧྥ་རན་སིའི་ཙུང་ལི་ཟུར་པ་ཏི་ཝེར་ཧྥན། ཧན་གོའི་ཙུང་ལི་ཟུར་པ་ལུས་ཧེ་ཙན་སོགས་ཆབ་སྲིད་མི་སྣ་གལ་ཆེན་དང་། ཀྲུང་གུང་ཀྲུང་དབྱང་། རྒྱལ་ཡོངས་དམངས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་སོགས་འབྲེལ་ཡོད་འགན་འཁུར་བློ་མཐུན། རྒྱལ་སྤྱིའི་དང་ས་ཁུལ་གྱི་རྩ་འཛུགས་འཐུས་མི། རྒྱལ་ཁབ་བརྒྱ་ལྷག་ནས་ཡོང་བའི་ཀྲུང་གོ་རུ་སྡོད་པའི་ཕོ་ཉ་བློན་ཆེན། ཀྲུང་ཕྱིའི་ཆེད་མཁས་པ་དང་མཁས་པ། མཛའ་མཐུན་མི་སྣ། སྨྱན་སྦྱོར་དང་བཟོ་ཚོང་ཕྱོགས་ཀྱི་འཐུས་མི་བཅས་བསྡོམས་པས་མི་དྲུག་བརྒྱ་ལྷག་གྲོས་ཚོགས་སུ་ཞུགས།