ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་བགྲོ་གླེང་ཚོགས་འདུ་ཐོག་མ་ཟི་ལིང་དུ་བསྡུས།
2024.06.29 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

ཟླ6པའི་ཚེས28ཉིན། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་བགྲོ་གླེང་ཚོགས་འདུ་ཐོག་མ་ཟི་ལིང་དུ་བསྡུས།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་གཞོན་པ་ཀྲང་ཞའེ་ཅའོ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ་ཡི་སྤྱི་ཁྱབ་དཔལ་འབྱོར་མཁས་པ་ཝང་ཀྲི་ཀའོ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་སོ་སོས་ཤིས་ཚིག་ཕུལ་བ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཚོགས་འདུར་ཞུགས་ཤིང་། ཧའེ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་དཔོན་པོ་ཀྲང་དབྱི་དང་། ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་དཔོན་པོ་ཧྲུན་ཅན་གཉིས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་སྟེང་རྒྱལ་ཡོངས་ཀྱི་ཆེས་ཐོག་མར་ཆོག་མཆན་ཐོབ་པའི་རྒྱལ་ཁབ་སྤྱི་གླིང་ལྔ་དང་འབྲེལ་ཡོད་ཀྱི་ཞིང་ཆེན་དང་ལྗོངས་བཅུའི་ཞིབ་དཔྱོད་ལས་ཁུངས་ཀྱི་འཐུས་མི་དང་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ཀྱི་འཐུས་མི།  མཚོ་སྔོན་དུ་ཞིབ་དཔྱོད་བྱ་བར་རྟོག་ཞིབ་ལ་ཡོང་བའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་བཅས་གདན་ཞུ་བྱས་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བར་གཞིགས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་སྔར་ལས་ཞབས་འདེགས་ཞུ་བའི་ཐད་ནས་བགྲོ་གླེང་བྱས།

བགྲོ་གླེང་ཚོགས་འདུའི་སྐབས། ཚོགས་ཞུགས་མི་སྣས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་བ་དང་། ལྷག་པར་དུ་སྤྱི་ཕན་ཞུ་གཏུག་འགན་ནུས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་གཞིགས་ཏེ། བྱ་བའི་ལམ་ཕྱོགས་འཆད་པ་དང་། བྱེད་ཐབས་དང་ཕན་ནུས་གླེང་བ། གྲོས་གཞི་དང་བསམ་འཆར་འདོན་པ། མཉམ་དུ་བགྲོ་གླེང་དང་ཕན་ཚུན་བརྗེ་རེས་བྱས། ཚང་མས་མགྲིན་གཅིག་ཏུ་བསྟན་དོན། ཐེངས་འདི་བགྲོ་གླེང་ཚོགས་འདུའི་གྲུབ་འབྲས་ལ་སློབ་སྦྱོང་དཔེ་ལྟ་དང་བེད་སྤྱོད་ཡག་པོ་བྱེད་ཅིང་། སྤུས་ཚད་དང་ཕན་ནུས་མཐོ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྔར་ལས་ལྷག་པར་ཞབས་འདེགས་ཞུ་བ། འབྲེལ་ཡོད་སྡེ་ཁག་བར་གྱི་མཉམ་སྡེབ་མཉམ་ལས་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་པ་དང་། སྤྱི་ཕན་ཞུ་གཏུག་ལམ་ལུགས་དེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་དུ་ནུས་ལྡན་སྒོས་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་འཛིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་པར་ཁྲིམས་སྐྱོང་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།

ལྷ་མོ་འཚོས་བསྒྱུར།