ཟླ6ཚེས29ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་། གྲོང་གསེབ་དར་སྤེལ་སོགས་ཀྱི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་སུ་བསྒྱུར་བ་དང་། མང་ཚོགས་ལ་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།
ཡུས་ཧྲུའུ་གྲོང་ཁྱེར་ཏང་ཨུའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་དོན་ ཚན་ཁག་ནས། ཝུའུ་ཞའོ་ཅུན་གྱིས་བྱ་བའི་དཔྱད་གཞིའི་ཡིག་རིགས་ལ་ཞིབ་ལྟ་བྱས་པ་དང་འབྲེལ་ཡོད་གནས་ཚུལ་ཡར་ཞུ་ལ་ཉན་རྗེས་བཤད་རྒྱུར། ཡུས་ཧྲུའུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ནམ་ཡང་ཐུགས་སུ་བཅངས་བའི་ས་ཁུལ་ཞིག་ཡིན་པས། འགན་འཁྲིའི་འདུ་ཤེས་སྔར་ལས་ཆེན་པོ་དང་། བྱ་བ་སྒྲུབ་སྟངས་གསར་སྐྲུན། འགན་འཁྲི་ཁུར་ལེན་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བ་སྣ་ཚོགས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་པར། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ལས་གཞི་གལ་ཆེན་ལག་བསྟར་ཡག་པོ་བྱེད་པ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། དམངས་འཚོའི་ལེགས་བཅོས་ཕན་ཚུན་རམ་འདེགས་བྱེད་པར་སྐུལ་འདེད་གཏོང་དགོས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་བར། འོས་པ་ངེས་སྒྲུབ་དང་མི་འོས་པ་ངེས་འདོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་ཇེ་རིང་དུ་གཏོང་བ། རིན་ཐང་འཕར་སྣོན་སྦྲེལ་ཐག་དང་ཟུར་སྣོན་རིན་ཐང་ མཐོར་འདེགས་གཏོང་བ་བཅས་བྱས་ནས། དྲ་ཐོག་ཚོང་དོན་གྱི་ཤེས་ལྡན་མི་སྣའི་དཔུང་སྡེ་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་དང་། མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་རྟགས་གཏོད་དགོས། མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བར། གང་ཐུབ་ཅི་ནུས་ཀྱིས་སྒྲུབ་པ་དང་ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་བྱེད་པ་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་མུམཐུད་དུ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་སྙོམས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་རྒྱུ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ནས། ལས་སླ་པོར་བྱུང་བ་མིན་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་མཐུན་སྒྲིལ་བརྟན་བརླིང་གི་གནས་བབ་བཟང་པོར་གཅེས་སྤྲས་ལྡབ་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཡུས་ཧྲུའུ་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།
ཡུས་ཧྲུའུ་གྲོང་ཁྱེར་བཀྲ་ཤིས་ཁོག་སྡེ་ཁུལ་ནི་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། ཟ་ལར་རིགས། ཧོར་རིགས། སོག་རིགས་སོགས་མི་རིགས་མང་པོས་གྲུབ་པའི་ཁྱིམ་གཞིས་ཤིག་ཡིན། སྡེ་ཁུལ་ཏང་ཀྲི་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཏང་གི་ཉིན་མོའི་བྱ་འགུལ་སྟེང་། ཏང་ཡོན་དང་མང་ཚོགས་ཀྱིས་ད་ལྟའི་འཚོ་བའི་འགྱུར་ལྡོག་ཆེན་པོ་གླེང་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་གུང་ཁྲན་ཏང་གི་བཀའ་དྲིན་ལ་དྲིན་ལན་ཡག་པོ་འཇལ་བར། ནམ་ཡང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། ཁྱིམ་གཞིས་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཞེས་བཤད། ཚང་མའི་གཏམ་བཤད་ལ་ཉན་རྗེས། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་བརྩེ་སེམས་དེ་མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་པ་དང་། སེ་འབྲུའི་རྡོག་ལྟར་ཕན་ཚུན་དམ་པོར་སྦྲེལ་བ། དཀའ་སྤྱད་འབད་བརྩོན་བྱས་ནས་འཕེལ་རྒྱས་སྔར་ལས་བཟང་ཞིང་འཚོ་བ་སྔར་ལས་ཇེ་བཟང་དུ་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། བཅོས་སྒྱུར་གསར་སྐྲུན་དཀྱིལ་སྙིང་ཡིན་པའི་དུས་རབས་ཀྱི་སྙིང་སྟོབས་དང་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་ཆེན་པོ་བཏང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་དང་། སྣེ་ཁྲིད་ནུས་པ་དང་། རྩ་འཛུགས་ནུས་པ། འབོད་སྐུལ་ནུས་པ་བཅས་ཆེ་རུ་གཏོང་དགོས། སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པས་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་བསྟར་བྱེད་པ་དང་། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཕན་ཚུན་བརྩེ་ཞིང་ཕན་ཚུན་རོགས་རེས་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ད་དུང་སྔ་རྗེས་སུ་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐོན་ལས་ལས་གཏོད་ཟོག་འགྲེམས་གླིང་དང་ཡུས་ཧྲུའུ་གྲོང་ཁྱེར་གྱི་བཙོག་ཆུ་གཙང་བཟོའི་བཟོ་གྲྭར་རྟོག་ཞིབ་བྱས་ནས། ནུས་ཤུགས་ཆེན་པོས་གྲོང་གསེབ་ཀྱི་ཐོན་ལས་དང་། གྲོང་གསེབ་ཀྱི་ཡུལ་སྐོར། གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་བྱ་བར་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་ཁ་གསབ་བྱས་ནས། སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་ཞེས་ནན་གྱིས་བསྟན།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།