རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མཚན་མིང་བཀོད་ནས། ས་དཀོན་དོ་དམ་སྲོལ་ཁྱབ་བསྒྲགས་བྱས་པ་དང་། 2024ལོའི་ཟླ10པའི་ཚེས1ཉིན་ལག་བསྟར་བྱེད་རྒྱུ་རེད། སྲོལ་ཡིག་ལ་བསྡོམས་པས་དོན་ཚན་སོ་གཉིས་ཡོད་པ་དང་། གཙོ་བོར་གཤམ་གྱི་ནང་དོན་གཏན་ཁེལ་བྱས་ཡོད་དེ།
གཅིག་ནས་བྱ་བའི་རྩ་དོན་གཏན་ཁེལ་གསལ་བོ་བྱེད་དགོས། ས་དཀོན་དོ་དམ་བྱ་བའི་ཐད་ནས་ཏང་དང་རྒྱལ་ཁབ་ཀྱི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། ཐོན་ཁུངས་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་མཉམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གཅིག་འདོམས་འཆར་འགོད་དང་བདེ་འཇགས་འགན་སྲུང་། ཚན་རྩལ་གསར་གཏོད། ལྗང་མདོག་འཕེལ་རྒྱས་ཀྱི་རྩ་དོན་བརྩི་སྲུང་བྱེད་རྒྱུ་གཏན་ཁེལ་བྱས་ཡོད།
གཉིས་ནས་ས་དཀོན་ཐོན་ཁུངས་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། ས་དཀོན་ཐོན་ཁུངས་དེ་རྒྱལ་ཁབ་ལ་དབང་བ་དང་། རྩ་འཛུགས་དང་མི་སྒེར་སུས་ཀྱང་ས་དཀོན་ཐོན་ཁུངས་ཧམ་བཟུང་དང་ཡང་ན་གཏོར་བརླག་བྱེད་མི་རུང་ལ། རྒྱལ་ཁབ་ཀྱིས་ས་དཀོན་ཐོན་ཁུངས་སྲུང་སྐྱོང་རང་བཞིན་ལྡན་པའི་སྒོ་ནས་སྔོག་འདོན་བྱེད་རྒྱུ་གཏན་ཁེལ་གསལ་བོ་བྱས་ཡོད།
གསུམ་ནི་ས་དཀོན་དོ་དམ་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཟོ་ལས་དང་ཆ་འཕྲིན་ཅན་དང་། རང་བྱུང་ཐོན་ཁུངས་སོགས་འབྲེལ་ཡོད་སྡེ་ཁག་གིས་ས་དཀོན་དོ་དམ་ཕྱོགས་ཀྱི་འགན་འཁྲི་གཏན་ཁེལ་བྱེད་པ་དང་། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རང་ས་ཁུལ་གྱི་ས་དཀོན་དོ་དམ་གྱི་འབྲེལ་ཡོད་བྱ་བར་འགན་ཁུར་རྒྱུ་གཏན་ཁེལ་གསལ་བོ་བྱས་ཡོད།
བཞི་ནས་ས་དཀོན་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱིས་ས་དཀོན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ནས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ས་དཀོན་ཐོན་ལས་ཀྱི་ལག་རྩལ་གསར་བ་དང་བཟོ་རྩལ་གསར་བ། ཐོན་རྫས་གསར་བ། རྒྱུ་ཆས་གསར་བ། གོ་ཆས་གསར་བ་ཞིབ་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་སློང་གཏོང་རྒྱུ་གཏན་ཁེལ་གསལ་བོ་བྱས་ཡོད་པ་དང་། ས་དཀོན་ཐོན་སྐྱེད་ཁེ་ལས་ཀྱིས་འབྲེལ་ཡོད་གཏེར་ཐོན་ཐོན་ཁུངས་དང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ། དག་གཙང་ཐོན་སྐྱེད། བདེ་འཇགས་ཐོན་སྐྱེད་དང་མེ་འགོག་གི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱས་ནས། ལྗང་མདོག་འཕེལ་རྒྱས་དང་བདེ་འཇགས་ཐོན་སྐྱེད་ལ་འགན་སྲུང་བྱེད་རྒྱུ་གཏན་ཁེལ་བྱས་ཡོད།
ལྔ་ནས་ས་དཀོན་ཀྱི་ཐོན་ལས་ཕྲེང་འབྲེལ་ཧྲིལ་བལའི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་དགོས། ས་དཀོན་སྔོག་འདོན་དང་ས་དཀོན་བཙོ་སྦྱང་ལོགས་བཀར་ཐད་ནས་སྤྱིའི་གྲངས་ཚོད་འཛིན་བྱེད་པ་མ་ཟད། འགུལ་རྣམ་དོ་དམ་ལེགས་བསྒྱུར་བྱེད་པ་དང་། ས་དཀོན་ཕྱོགས་བསྡུས་བེད་སྤྱོད་ཐད་ནས་སྔར་ལས་ཚད་ལྡན་དུ་བསྒྱུར་བ་དང་། ཐོན་རྫས་ཁུངས་འདེད་ལམ་ལུགས་བཙུགས་ནས། འཁོར་རྒྱུག་དོ་དམ་གཟབ་ནན་དུ་བསྒྱུར་རྒྱུ་གཏན་ཁེལ་བྱས་ཡོད།
དྲུག་ནས་ལྟ་སྐུལ་དོ་དམ་བྱེད་ཐབས་དང་བཅའ་ཁྲིམས་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་དགོས། བཟོ་ལས་དང་ཆ་འཕྲིན་ཅན་གྱི་གཙོ་འགན་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གཞན་པས་འགན་འཁྲི་བགོ་བཤའ་ལྟར་ས་དཀོན་གྱི་སྔོག་འདོན་དང་བཙོ་སྦྱང་ལོགས་བཀར། ལྕགས་རིགས་བཅོ་སྦྱང་། ཕྱོགས་བསྡུས་བེད་སྤྱོད། ཐོན་རྫས་འཁོར་རྒྱུག ཕྱིང་འཚོང་ནང་འདྲེན་སོགས་བྱ་འགུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། ཁྲིམས་འགལ་སྤྱོད་ཚུལ་ལ་དུས་ཐོག་ཏུ་ཁྲིམས་ལྟར་ཐག་གཅོད་རྒྱུའི་གཏན་ཁེལ་བྱས་ཡོད་པ་དང་། ཁྲིམས་དང་འགལ་ནས་ས་དཀོན་སྔོག་འདོན་དང་བཙོ་སྦྱང་ལོགས་བཀར་སོགས་ཁྲིམས་འགལ་སྤྱོད་ཚུལ་ཐད་ནས་འོས་འཚམ་གྱི་བཅའ་ཁྲིམས་འགན་འཁྲི་གཏན་ཁེལ་བྱས་ཡོད།
རིན་ཆེན་མཚོས་བསྒྱུར།