མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་ཆེན་འཐུས་མི་དང་མཉམ་དུ་ཀྲུང་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་བརྗོད་དོན་བྱ་འགུལ་སྤེལ།
2024.07.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ6པའི་ཚེས26ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་རབ་མཛེས་ཀྲུང་ལུགས་གསོ་རིག་སྨན་རྫས་ཚན་རྩལ་ཚད་ཡོད་ཀུང་ཟིས་མཉམ་འབྲེལ་སྒོས་དམངས་ཆེན་འཐུས་མི་དང་མཉམ་དུ་ཐོན་སྐྱེད་ནུས་ཤུགས་གསར་མ་བསྐྲུན་ནས། ཀྲུང་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་བརྗོད་དོན་བྱ་འགུལ་སྤེལ། ཞིང་ཆེན་དང་གྲོང་ཁྱེར། ཆུའུ་བཅས་རིམ་པ་གསུམ་གྱི་དམངས་ཆེན་འཐུས་མི་བྱ་འགུལ་ལ་ཞུགས།

བྱ་འགུལ་ཁྲོད། འཐུས་མི་ཚོས་གཞི་གྲངས་ཅན་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་དང་རིག་སྟོབས་ཀྱི་ཀྲུང་སྨན་འཚོང་སར་བལྟས་པ་དང་། དམངས་གཉེར་ཁེ་ལས་ཀྱིས་ཏང་འཛུགས་སྣེ་ཁྲིད་ལ་བརྟེན་ནས་ཀུང་ཟིའི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གསར་གཏོད་བྱེད་ཐབས་ལ་རྒྱུས་ལོན་གསལ་བོ་བྱས། དེའི་རྗེས། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཕིན་ཅཱ་ཀྲའེ་གྲོང་རྡལ་ཧའོ་ཏུང་སྡེ་བའི་ཀྲུང་སྨན་འདེབས་གསོ་རྟེན་གཞི་རུ་སོང་ནས། སྡེ་བའི་ཏང་ཀྲི་པུའུ་ཡི་ཁོངས་མི་ཚོ་དང་མཉམ་དུ་ཡུར་མ་ཡུར་བ་དང་། ཀྲུང་སྨན་འདེབས་གསོ་དང་སྨན་ལུགས་ཀྱི་ནུས་པར་རྒྱུས་ལོན་གསལ་བོ་བྱས་ནས། སྲོལ་རྒྱུན་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་མཁྱེན་རྒྱ་ཡངས་པོ་དང་ཁྱད་འཕགས་འགུག་ཤུགས་ཉམས་མྱོང་བྱས།

བྱ་འགུལ་སྐབས་སུ། འཐུས་མི་ཚོས་ནན་ཏན་སྒོས་ཉན་པ་དང་དྲི་བ་བཏོན་ནས། གྲོས་འདོན་གྲོས་གཞིའི་དཔྱད་གཞི་བསྡུ་གསོག་བྱས་པར་མ་ཟད། ཁེ་ལས་འཕེལ་རྒྱས་དང་ཐོན་ལས་སྐྱེད་སྲིང་། གྲོང་གསེབ་དར་སྤེལ་བཅས་ལ་དམིགས་ནས་ཐབས་འདོན་ཇུས་འགོད་བྱས་པ་དང་། འཕེལ་རྒྱས་དང་དམངས་ཚིས་ལ་སེམས་ཁུར་བྱེད་པའི་འགན་འཁྲི་ཁག་ཁུར་མངོན་པར་བྱས། ཚང་མས་མཐའ་གཅིག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་བཏོན་པའི་རང་ས་ཆའི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་པའི་རེ་བ་གལ་ཆེན་ལྟར། སྔར་ལས་དངོས་གཉེར་གྱི་བྱ་བའི་སྤྱོད་ཚུལ་ལ་བརྟེན་ནས། ཁྲིམས་ལྟར་འགན་སྒྲུབ་བྱེད་པ་དང་རང་འགུལ་གྱིས་ཁག་ཁུར་འབད་འཐབ་བྱེད་པ་དང་། ཐོན་ཁུངས་འཁྲུལ་མེད་ཀྱི་སྨན་རྫས་གཅེས་ནོར་སྔོག་འདོན་བྱེད་པ་དང་ས་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། རང་ཞིང་གི་ཀྲུང་ལུགས་གསོ་རིག་སྨན་རྫས་ཐོན་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་པ། རྒྱུན་བསྲིང་འཕེལ་རྒྱས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཐོན་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་མ་ལག་འཛུགས་པ། ཀྲུང་སྨན་ཐོན་རྫས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་སོགས་ཕྱོགས་ནས་འཐུས་མིའི་ནུས་པ་འདོན་སྤེལ་བྱས་ཏེ། མཚོ་སྔོན་གྱི་ཀྲུང་སྨན་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།