ཧྲིན་ཀྲིན་ནས་ཀྲུང་ཧྲན་བར་གྱི་གཙང་བརྒལ་བགྲོད་ལམ་ཟླ6པའི་ཚེས30ཉིན་ཡོངས་འགྲུབ་བྱས་ནས་རླངས་འཁོར་གཏོང་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས་པར་མ་ཟད། འཆར་འགོད་འཛུགས་སྐྲུན་ཁྲོད་ཞུགས་པའི་བློ་མཐུན་ཡོངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ཧྲིན་ཀྲིན་དང་ཀྲུང་ཧྲན་བར་གྱི་བགྲོད་ལམ་ནི་ཀང་ཀྲུའུ་ཨོ་ཟམ་ཆེན་གྱི་རྗེས་མཐུད་ནས་ཞང་ཀང་དང་ཨོ་མིན། ཀོང་ཏུང་བཅས་མཚོ་ཁུགས་ཆེན་མོར་འཛུགས་སྐྲུན་བྱས་པའི་འགྲིམ་འགྲུལ་བཟོ་སྐྲུན་ཆེན་པོ་ཞིག་ཡིན་པ་དང་། དེས་འཛམ་གླིང་རིམ་པའི་ལག་རྩལ་གྱི་དཀའ་གནད་མང་པོ་ཁྱད་སེལ་བྱས་པ་དང་། འཛམ་གླིང་གི་ཟིན་ཐོ་མང་པོ་བསྐྲུན། ཟབ་ཞུགས་པ་ཡོངས་ཀྱིས་དཀའ་སྤྱད་འབད་འཐབ་དང་འགྱུར་མེད་བློ་སྟོབས་ལ་བརྟེན་ནས་སྤུས་ཚད་མཐོན་པོས་བཟོ་སྐྲུན་ལས་འགན་ཡོངས་འགྲུབ་བྱས། དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ལས་སྒྲུབ་ལས་བྱུང་བ་ཡིན་ལ། རླབས་ཆེན་ལས་དོན་ནི་དངོས་གཉེར་ལས་འགྲུབ་པ་གསལ་བཤད་བྱས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གོ་རིམ་རྗེས་མར། ཧྲིན་ཀྲིན་དང་ཀྲུང་ཧྲན་བར་གྱི་བགྲོད་ལམ་ལ་དོ་དམ་བཟང་བོ་དང་བཀོལ་སྤྱོད་བཟང་བོ་བྱེད་ན། བདེ་འཇགས་དང་གེགས་མེད། བག་ཕེབས། རིག་སྟོབས་ཀྱི་འཁོར་རྒྱུག་ལ་ཁག་ཐེག་བྱེད་དགོས་པ་དང་། འགྲིམ་འགྲུལ་གྱི་ལམ་འབྱེད་གདོང་ལེན་ནུས་པ་འདོན་སྤེལ་བྱེད་པ། ཀྲུའུ་ཅང་གྲུ་ཁའི་ཤར་ནུབ་འགྲམ་གཉིས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། ཞང་ཀང་དང་ཨོ་མིན། ཀོང་ཏུང་མཚོ་ཁུགས་ཆེན་མོའི་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་ཐད་ཀྱི་མཁྲེགས་ཆས་མཉམ་འབྲེལ་དང་སྒྲིག་ལམ་རྐྱེན་སྲོལ་གྱི་མཉེན་ཆས་མཉམ་འབྲེལ་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། ཞང་ཀང་དང་ཨོ་མིན། ཀོང་ཏུང་མཚོ་ཁུགས་ཆེན་མོའི་ས་ཁུལ་གྱི་ཚོང་ར་གཞི་གཅིག་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས། ཞང་ཀང་དང་ཨོ་མིན། ཀོང་ཏུང་མཚོ་ཁུགས་ཆེན་མོའི་ས་ཁུལ་དེ་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་འཐབ་ཇུས་ཀྱི་རྟེན་ས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ས་ཆ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྣེ་ཁྲིད་ས་ཆ་བཅས་སུ་འཛུགས་སྐྲུན་བྱེད་ཆེད་ཞབས་ཞུའི་འགན་སྲུང་སྔར་ལས་བཟང་བོ་འདོན་སྤྲོད་བྱེད་དགོས།
ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ཧྲིན་ཀྲིན་དང་ཀྲུང་ཧྲན་བར་གྱི་བགྲོད་ལམ་སྤྱོད་འགོ་རྩོམ་པའི་བྱ་འགུལ་མིས་བཟོས་གླིང་ཕྲན་ནུབ་མ་རུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཧོང་ཁུན་མེན་གྱིས་ཡུལ་དངོས་ནས་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས་པར་མ་ཟད་ཧྲིན་ཀྲིན་དང་ཀྲུང་ཧྲན་བར་གྱི་བགྲོད་ལམ་སྤྱོད་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།
རིན་ཆེན་མཚོས་བསྒྱུར།