ཉེ་ཆར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ལ་སོང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད། ཞིང་ལས་ཞིང་སྡེ་ཐིན་གྱི་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་ལ་འབྲེལ་བའི་ཏང་གི་བསླབ་ཚན་འཆད་ཁྲིད་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་ཞིང་གསུམ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ལངས་གནས་སྔར་ལས་མཐོ་ཞིང་། ཚད་གཞི་སྔར་ལས་མཐོ་བ། སྒྲིག་ལམ་སྔར་ལས་ནན་མོ་བཅས་ཀྱིས་ཞིང་གསུམ་བྱ་བའི་རྣམ་པ་གསར་བ་བཏོད་དགོས་པར་བསྟན།
ཝུའུ་ཞའོ་ཅུན་སྔ་ཕྱིར་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཁུལ་ཁོངས་མཉམ་ལས་སྐུལ་འདེད་ཁྲུའུ་དང་། ཕྱུགས་ལས་ཁྲུའུ། རོགས་སྐྱོབ་ཁྲུའུ་བཅས་ལ་སོང་ནས་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་བྱས་ཤིང་། ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་། ཕྱུགས་ལས་ཐོན་སྐྱེད། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་དང་རྒྱུས་ལོན་བྱས་པར་མ་ཟད། སྤྱིའི་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གསུང་བཤད་གལ་ཆེན་གནང་བ་དང་། དེས་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་ཁ་ཕྱོགས་གསལ་སྟོན་བྱས་ཤིང་། གནས་སྟངས་གསར་བ་གཏན་འཁེལ་བྱས་པ་དང་། འོས་འགན་གསར་བ་བཀོད་སྒྲིག་བྱས་པས། མཚོ་སྔོན་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། དུས་རིམ་གསར་བར་བསྐྱོད་པ་དང་བསྟུན་ནས་ཞིང་ཆེན་ཞིང་སྡེ་ཐིན་གྱི་བྱ་བའི་འགན་འཁྲི་ལྕི་ཞིང་འོས་འགན་ལ་གཟི་བརྗིད་ལྡན་པས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་རྒྱུས་ལོན་ཟབ་མོ་བྱེད་པ་དང་། སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་སྟེ། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་། བྱམས་བརྩེ། མངགས་བཅོལ་དེ་བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དྲག་པོར་བསྒྱུར་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་བྱེད་རྒྱུ་དེ་སྐས་རིམ་གསར་བར་བསྐྱོད་པར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་ཐད་ནས་ཕན་འབྲས་གསར་བ་ལེན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཟེར།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། ལངས་གནས་སྔར་ལས་མཐོན་པོས་ཞིང་གསུམ་བྱ་བའི་ལེའུ་གསར་བ་ཇུས་འགོད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་བྱེད་པ་དང་། འབྲུ་རིགས་དང་ཞིང་ཐོན་དངོས་རྫས་གཙོ་བོའི་བདེ་འཇགས་མཁོ་འདོན་ལ་འགན་སྲུང་བྱེད་པ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཏང་གིས་ཞིང་གསུམ་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་སྣོན་པ་སོགས་ཀྱི་བླང་བྱ་གལ་ཆེན་སྣ་ཚོགས་དམ་འཛིན་ཡང་དག་བྱེད་ཅིང་། ཞིང་གསུམ་བྱ་བ་དམ་པོར་འཛིན་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་བཅས་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་པ་དང་། བྱ་བའི་ཚད་གཞི་ཇེ་མཐོར་བཏང་ཞིང་བྱ་བའི་བྱེད་ཐབས་འཆར་འགོད་བྱེད་དགོས། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ། ཚད་གཞི་སྔར་ལས་མཐོན་པོས་ཞིང་གསུམ་བྱ་བའི་རྣམ་པ་གསར་བ་བཏོད་དགོས། རྨོ་ཞིང་སྲུང་སྐྱོབ་ཀྱི་མཚམས་ཐིག་བརྟན་སྲུང་བྱེད་པ་དང་། ཞིང་ཕྱུགས་ལས་རིགས་ཀྱི་རྨང་གཞིའི་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས། འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། ཕྱིར་དབུལ་བོར་འགྱུར་བར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོབ་ནུས་པ་མཐོར་འདེགས་གཏོང་བ་དང་། ཡོང་འབབ་འཕར་བར་བྱེད་པའི་བྱེད་ཐབས་དོན་འཁྱོལ་གང་ལེགས་བྱེད་པ། ཐོན་ལས་དང་ལས་ཞུགས་ཀྱི་རོགས་སྐྱོབ་ལ་ཤུགས་སྣོན་པ་དང་། ཤར་ནུབ་རྒྱུད་མཉམ་ལས་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ། ཀྲུང་དབྱང་ལས་ཁུངས་གིས་དམིགས་འཛུགས་རོགས་སྐྱོབ་བྱེད་པ་བཅས་ཀྱི་ནུས་པ་ཇེ་མཐོར་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་དགོས། མཐོ་སྒང་གི་ཁྱད་ལྡན་འདེབས་འཛུགས་ལས་རིགས་དར་སྤེལ་གཏོང་བའི་འགུལ་སྐྱོད་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་། མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ཀྱི་ཚོང་རྟགས་བསྐྲུན་པ། ཚན་རྩལ་གསར་གཏོད་ཀྱིས་འདེགས་སྐྱོར་བྱེད་པར་ཤུགས་བསྣན་ནས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས། སྟོང་ཁྲིའི་ལས་གཞིའི་ཉམས་མྱོང་བཟང་བོ་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གང་ལེགས་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ནས། སྒྲིག་ཁྲིམས་སྔར་ལས་ནན་མོས་ཞིང་གསུམ་བྱ་བའི་འཕེལ་རྒྱས་གསར་བར་འགན་ལེན་བྱེད་དགོས། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་ཕྲག་ཏུ་ལེན་པ་དང་། ཞིང་ཆེན་ཏང་ཨུའི་ལས་བྱེད་པས་བསྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པའི་བླང་བྱ་དངོས་འབེབས་བྱེད་ཅིང་། སྒྲིག་ཁྲིམས་སློབ་པ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་ལ་རྒྱུས་ལོན་བྱེད་པ་བཅས་ཀྱིས་སྒྲིག་ཁྲིམས་བརྩི་སྲུང་དང་སྒྲིག་ཁྲིམས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། རང་རྟོགས་སྒོས་ཏང་གི་སྒྲིག་ལམ་དང་སྒྲིག་ཁྲིམས་ཀྱིས་བསམ་བློ་དང་འགུལ་སྐྱོད་ལེགས་བཅོས་བྱེད་པ། སྤྱོད་གཙང་གི་སྒྲིག་ཁྲིམས་ཚད་མཐའ་བརྟན་སྲུང་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་སྐུལ་འདེད་བཏང་སྟེ། སྣང་ཚུལ་གསར་བ་དང་སྤྱོད་ལམ་གསར་བས་ཞིང་གསུམ་བྱ་བར་གྲུབ་འབྲས་གསར་བ་ལོན་པར་སྐུལ་འདེད་གཏོང་དགོས།
ཚེ་རིང་ཐར་གོང་གི་བྱ་འགུལ་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།