ཟླ6པའི་ཚེས27ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སློབ་གསོ་ཚན་རིག་དང་རིག་རྩལ་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཆེད་ལས་འཐུས་མིའི་ཚན་ཆུང་གི་ཁོངས་མི་སྐོར་ཞིག་ཁྲིད་ནས་ཞིང་ཆེན་ནད་རིགས་འགོག་སྡོམ་ཅུའུ་རུ་སོང་ནས་དམངས་ཆེན་འཐུས་མིས་བྱིས་པའི་བདེ་ཐང་ལ་སྐུལ་འདེད་གཏོང་བའི་ལྟ་ཞིབ་བྱ་འགུལ་སྤེལ་བ་དང་། དུས་མཉམ་དུ་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དུ་སྒལ་ཚིགས་གཞོགས་གུག་གི་ཚགས་བཤེར་དང་སྔོན་འགོག་སྤེལ་བའི་སྐོར་གྱི་གྲོས་གཞི་གཙོར་བཟུང་ནས་བསྒྲུབ་པར་ལྟ་སྐུལ་བྱས། གྲོས་གཞི་བཏོན་པའི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་དབྱང་ཅི་ཧུང་བྱ་འགུལ་ལ་ཞུགས།
ལྟ་ཞིབ་ཚན་ཆུང་གིས་ཞིང་ཆེན་ནད་རིགས་འགོག་སྡོམ་ཅུའུ་རུ་ལས་ཁུངས་འཛུགས་སྐྲུན་དང་དཔུང་སྡེ་འཛུགས་སྐྲུན། ནུས་པ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བྱིས་པའི་མིག་ཤུགས་ལྟ་ཞིབ་སྔོན་བརྡའི་མ་ལག་འཁོར་རྒྱུག་གནས་ཚུལ་ལ་བལྟས་རྗེས། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སློབ་གསོ་ཐིན་གྱི་ཞིང་ཆེན་ཡོངས་ཀྱི་སློབ་མའི་རྒྱུན་མཐོང་ནད་རིགས་ལྟ་ཞིབ་དང་ཐེ་གཏོགས་གནས་ཚུལ། འཐུས་མིའི་གྲོས་གཞི་སྒྲུབ་པའི་གནས་ཚུལ་ངོ་སྤྲོད་དང་གོ་རིམ་རྗེས་མའི་བྱ་བའི་འཆར་གཞི་བཅས་ལ་ཉན་པར་མ་ཟད། གྲོས་གཞི་བཏོན་པའི་འཐུས་མིས་གྲོས་གཞི་སྒྲུབ་པའི་བྱ་བའི་ཐད་ཀྱི་བསམ་ཚུལ་བསྡུ་ལེན་བྱས།
ལྟ་ཞིབ་ཚན་ཆུང་གིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནད་རིགས་འགོག་སྡོམ་ཅུའུ། ཞིང་ཆེན་སློབ་གསོ་ཐིན་བཅས་ཀྱིས་བྱིས་པའི་བདེ་ཐང་བྱ་བ་དང་གྲོས་གཞི་བསྒྲུབ་པའི་བྱ་བའི་ཐད་ཁས་ལེན་གང་ལེགས་བྱས། ལྟ་ཞིབ་ཚན་ཆུང་གིས་བསྟན་དོན། བདེ་ཐང་ཀྲུང་གོ་དང་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་ན། གཅིག་ནས་མི་དམངས་མང་ཚོགས་ཀྱི་རེ་འདུན་གསར་བར་རྐང་བཙུགས་ནས། བྱ་བའི་བྲེལ་མྱུར་འདུ་ཤེས་མཐོར་འདེགས་གཏོང་བ་དང་། རེ་བ་སྔར་ལས་མཐོན་པོ་དང་ཚད་གཞི་སྔར་ལས་མཐོན་པོས་བྱིས་པ་གཙོར་བཟུང་ནས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱེད་དགོས། གཉིས་ནས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བྱིས་པའི་རྒྱང་སྒྲིབ་དང་ཚོ་འབུད་པ། སྒལ་ཚིགས་གཞོགས་གུག བསམ་པའི་ནད་རིགས་ཚབས་ཆེན་སོགས་ཀྱི་གཙོ་གནད་བྱ་བར་དམིགས་ནས། དྲིལ་སྒྲོག་བྱེད་ཤུགས་ཆེར་གཏོང་བ་དང་། བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ། སྤྱི་ཁོག་གི་མཉམ་ཤུགས་ཇེ་དྲག་ཏུ་གཏོང་བ། ཕྱོགས་ཡོངས་ཀྱི་མི་སྐྱོང་རྣམ་པ་བཙུགས་ནས། བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁོར་ཡུག་བཟང་བོ་བསྐྲུན་དགོས། གསུམ་ནས་འཐུས་མིའི་གྲོས་གཞི་བསྒྲུབ་པ་དང་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པ་གཉིས་ཟུང་འབྲེལ་བྱས་ནས། མི་དམངས་ཀྱི་སེམས་གཏམ་ལ་ཉན་པ་དང་མི་དམངས་ཀྱི་རེ་འདུན་སྐོང་བ་དང་། གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་མཚོ་སྔོན་གྱི་ལག་ལེན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་བཏང་སྟེ། བྱིས་པའི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་ཆེད་བྱས་རྗེས་གསར་བ་འཇོག་དགོས།
རིན་ཆེན་མཚོས་བསྒྱུར།