ཟླ7པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བ་དང་རྒྱལ་ཡོངས་དུག་འགོག་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་བྱ་བའི་སྐུལ་སྤེལ་བརྙན་རིས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུག་འགོག་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་དུག་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། བྱ་བ་སྤྱི་སྡོམ་བྱས་པ་དང་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་གཅིག་ཅན་བཅུའི་རེ་བ་ལྟར། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་ཆེན་ཡོངས་ཀྱི་དུག་འགོག་བྱ་བ་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཧོང་ཡཱ་ཡིས་གཏམ་བཤད།
ཚོགས་ཐོག་ནས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། དངོས་གཉེར་ཕན་ལྡན་གྱི་བྱ་བ་མང་པོ་སྤེལ་ནས། གྲུབ་འབྲས་མངོན་གསལ་བླངས་པ་དང་། དུག་འགོག་མི་སྣའི་ཉེས་པ་བཟོ་བའི་དོན་རྐྱེན་དང་ཁྲིམས་དང་འགལ་བའི་སྒོ་ནས་གཞི་ཁྱོན་ཆེ་བའི་དུག་རྫས་ཀྱི་གདོད་མའི་སྐྱེ་དངོས་འདེབས་པའི་གྱོད་གཞི་སོགས་དོན་རྐྱེན་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དུག་རྫས་གནས་ཚུལ་ཐད་ཀྱི་གནས་བབ་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། དུག་འགོག་བྱ་བའི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་མཐོར་འདེགས་གཏོང་བ། འགོ་ཁུངས་ནས་གཙང་སེལ་བྱེད་པ་དང་མཆེད་མཚམས་འཇོག་པའི་འགུལ་སྐྱོད་སྤེལ་ནས། དུག་རྫས་གནད་དོན་མཆེད་འཕེལ་བྱེད་པའི་གནས་བབ་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ལངས་གཟུགས་ཅན་གྱི་དུག་རྫས་ཞིབ་བཤེར་དྲ་རྒྱ་འཐུས་ཚང་དུ་གཏོང་བ་དང་། དུག་རྫས་ཀྱི་ཁྲིམས་འགལ་ཉེས་བྱས་ལ་རྡུང་རྡེག་བྱེད་པའི་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། སྔ་མོ་ནས་རྡུང་རྡེག་བྱེད་པ་དང་མགོ་འབུར་མ་ཐག་རྡུང་རྡེག་བྱེད་དགོས། ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། དུག་བཟོ་དངོས་རྫས་ཀྱི་འགོ་ཁུངས་ཀྱི་བཅོས་སྐྱོང་ལ་ཤུགས་སྣོན་པ། དུག་འགོག་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ། དྲིལ་སྒྲོག་སློབ་གསོའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་བཏང་ནས། དུས་རབས་གསར་བའི་དུག་འགོག་གི་མི་དམངས་གཡུལ་འགྱེད་ཀྱི་རྒྱལ་ཁབ་ལེན་དགོས། ཟི་ལིང་དང་མཚོ་ལྷོ་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་དུག་འགོག་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་རྒྱུ་དེ་ལོ་སྨད་ཀྱི་བྱ་བ་གཙོ་བོར་བརྩི་བ། རྫོང་དང་ཆུའུ་སོ་སོ་དང་སྡེ་ཁག་སོ་སོའི་བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་རང་ཞིང་གི་དུག་རྫས་བཅོས་སྐྱོང་གི་མ་དཔེ་གྲོང་ཁྱེར་གསར་སྐྲུན་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།