ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་རྗེས་སུ་བསྡུས།
2024.07.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

ཟླ7ཚེས1ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི།  ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་རྗེས་སུ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ནས་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ།  བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་འབེན་དང་སྤྱིའི་བཀོད་སྒྲིག་གཏིང་ཟབ་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ནས། རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་བྱས་ཏེ་ཚོགས་འདུའི་སྔོན་དང་ཚོགས་འདུའི་སྐབས།   ཚོགས་འདུའི་རྗེས་བཅས་དུས་མཚམས་གསུམ་གཞིར་བཟུང་ནས།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་ལས་འགན་སོ་སོ་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དགོས་པ་དང་།  རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་སྔར་ལས་རང་འགུལ་གྱིས་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་དང་། རྒྱལ་སྲུང་སྐུལ་སློང་། གཉིས་ཀར་རྒྱབ་སྐྱོར་མཉམ་སྐྲུན་སོགས་ཀྱི་བྱ་བ་ནན་ཏན་གྱིས་སྒྲུབ་ནས་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་སྟེ།  རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ཁྱོན་ཡོངས་ལ་སྔར་ལས་ཞབས་འདེགས་ལེགས་པོ་ཞུ་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅོ་ལྔ་པའི་སྟེང་གནང་བའི་གསུང་བཤད་དང་ཉིན་ཞ་རུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ།   འགན་འཁྲི་ཤེས་པ་དང་འགན་འཁྲི་ འཁུར་བ། འགན་འཁྲི་ལག་བསྟར་བཅས་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དེ་ཐབས་ལམ་ནུས་ལྡན་དུ་བྱས་ཏེ། སྲིད་གཞུང་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས། སྤྱོད་ཚུལ་དྭངས་གཙང་གི་ཆབ་སྲིད་སྐྱེ་ཁམས་ལ་བརྟེན་ནས་དྲང་བདེན་གྱིས་ཁེངས་པའི་སྤྱི་ཚོགས་སྐྱེ་ཁམས་ཆགས་པར་སྣེ་ཁྲིད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་ཞ་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་དམ་པོ་བྱས་ཏེ། གཞི་གཅིག་ཏུ་སློབ་སྦྱོང་དང་གོ་བ་ལེན་པ་དང་གཞི་གཅིག་ཏུ་དོན་འཁྱོལ་བྱས་ནས་ཚད་གཞི་དང་བླང་བྱ་སྔར་ལས་མཐོ་བའི་སྟེང་ནས་དོན་འཁྱོལ་གཏིང་ཟབ་དང་ཞིབ་ཚགས་ཀྱི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་འཆར་འགོད་གནང་བའི་བརྗིད་ཉམས་ལྡན་པའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་དགོས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན། སློབ་གླིང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བཅས་ཀྱི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚན་རྩལ་བྱ་བ་ཡག་པོར་བསྒྲུབ་པའི་རང་རྟོགས་རང་བཞིན་དང་བརྟན་བརླིང་རང་བཞིན་སྔར་ལས་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ནན་མོ་གཏོང་བ། ཚན་རྩལ་སྒྲིག་སྲོལ་ལམ་སྲོལ་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་གསར་གཏོད་འཇོན་མིའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་མཉམ་ལས་སྤེལ་རེས་རྒྱ་ཆེར་གཏོང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་དགེ་མཚན་གསར་པ་བསྐྲུན་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བ་གཏིང་ཟབ་ཏུ་སྤེལ་བར་བཀོད་སྒྲིག་བྱས།   དངོས་སྦྱོང་དམ་འཛིན་དང་མགོ་མཇུག་ལེགས་པ། གྱོད་དོན་ལ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་གྱོད་དོན་ལ་བརྟེན་ནས་སྒྲིག་ཁྲིམས་བཤད་པ་འབུར་དུ་ཐོན་པར་བྱས་ཏེ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཆུང་དུ་གཏོང་བ། ཏང་ཡོན་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་འགན་འཁུར་ཕོད་པ་དང་ཧུར་བརྩོན་གྱིས་སྒྲུབ་པ་བཅས་བྱས་ཏེ་བྱ་བའི་སྤྱིའི་ཆུ་ཚད་མཐོ་རུ་བཏེགས་ནས།  ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་བསྒྱུར་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་ཟླ6པའི་ཚེས26ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།    མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དམིགས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུར་ཤུགས་སྣོན་བྱེད་དགོས། ཁྱབ་ཁོངས་གཙོ་བོའི་ཕྱི་ཕྱོགས་སྒོ་འབྱེད་གཏིང་ཟབ་ཏུ་བཏང་ནས་མ་དངུལ་གཏོང་བ་སྟབས་བདེ་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ཞབས་ཞུ་ལ་ཤུགས་སྣོན་རྒྱག་པ་དང་། ནད་གཡོག་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ་དང་ནད་གཡོག་ཞབས་ཞུའི་བྱ་བ་ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་སྨན་བཅོས་ཞབས་ཞུའི་དགོས་མཁོ་སྐོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ནས་སྐབས25པའི་ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་གྲ་སྒྲིག་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན།  《མཚོ་སྔོན་ཞིང་ཆེན་གྲོང་གསེབ་འབྲོག་ཁུལ་གྱི་ཆུའི་མཁོ་འདོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད》ལ་གྲོས་ཞིབ་བྱས་པར་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

གཡང་འབུམ་རྒྱལ་གྱིས་བསྒྱུར།