ཁྲིན་ཀང་ནར་མ་སོན་པའི་མིའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་ཡོ་བསྲང་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས།
2024.07.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

ཟླ7པའི་ཚེས2ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ནར་མ་སོན་པའི་མིའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་ཡོ་བསྲང་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་བྱ་བར་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ནར་མ་སོན་པའི་མིར་སྲུང་སྐྱོབ་དང་ཉེས་གསོག་སྔོན་འགོག་བྱེད་པའི་བྱ་བ་དེ་ཕུགས་ཡུན་རང་བཞིན་དང་། རྨང་གཞིའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་ལས་འགན་ལ་བརྩིས་ནས། ནན་ཏན་སྒོས་ཞིབ་འཇུག་བྱེད་པ་དང་དཀའ་གནད་སེལ་ཏེ། ནར་མ་སོན་པའི་མིའི་མི་ཚེའི་གོམ་སྟབས་དང་པོ་སྤོ་བར་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་ཟེར།

ཁྲིན་ཀང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ནར་མ་སོན་པའི་མིའི་ཁྲིམས་འགལ་ཉེས་གསོག་གི་གནད་དོན་ཐད་སྤྱི་ཚོགས་ལས་རིགས་སོ་སོས་དོ་སྣང་ཚད་མེད་གནང་བཞིན་ཡོད། ལོ་བཅུར་ལྟ་ཞིབ་བྱེད་པ་དང་། ལོ་གསུམ་ལ་བསམ་གཞིགས་གཏོང་བ། ད་ལོའི་བྱ་བ་བཟང་བོར་བསྒྲུབ་པ་བཅས་བྱེད་ཅིང་། མ་འོངས་སྔོན་འགོག་གི་ཚུལ་གྱིས་གནད་དོན་གྱི་ཆོས་ཉིད་ལ་དབྱེ་ཞིབ་བྱེད་པ་དང་། དྲ་རྒྱའི་དྲག་སྤྱོད་དང་བསམ་ཚུལ་ཐལ་ཆེ་བ་སོགས་ཀྱིས་ནར་མ་སོན་པའི་མིའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ལ་ཤུགས་རྐྱེན་ངན་པ་ཐེབས་པར་དོགས་ཟོན་བྱེད་པ། སྤྱི་ཚོགས་ཉམས་ཞན་ཁུལ་ལ་གནོད་སྐྱོན་ཐེབས་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་ནས་གཅིག་འདོམས་དང་། སྟོབས་ཤུགས། རྐྱེན་སྲོལ། དྲིལ་སྒྲོག་སོགས་ཕྱོགས་ཀྱི་མི་འདང་ས་ཐག་གཅོད་བྱེད་དགོས་པར་བསྟན།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཁྲིམས་འགལ་ཉེས་གསོག་བྱེད་པའི་ནར་མ་སོན་པའི་མིའི་ཚོགས་པར་དོ་སྣང་བྱེད་པ་དང་། འགོ་ཁུངས་ནས་དོ་དམ་དང་ཚོད་འཛིན་བྱེད་པའི་དཀའ་གནད་ཐག་གཅོད་བྱེད་ཅིང་། ཕྱོགས་སོ་སོའི་འགན་འཁྲི་དངོས་འབེབས་བྱས་ཏེ། ནར་མ་སོན་མིའི་ཁྲིམས་ལུགས་འདུ་ཤེས་མཐོར་འདེགས་གཏོང་བ་དང་། རང་གཅུན་ནུས་པ་ཇེ་ཆེར་གཏོང་བ། གུས་བཀུར་གྱི་འདུ་ཤེས་སྐྱེ་བ་དང་། སློབ་སྦྱོང་གི་སྤྲོ་སྣང་སྐྱེད་སྲིང་བྱེད་པ་བཅས་ལ་སྣེ་ཁྲིད་བྱས་ནས། དུས་ཐོག་ཏུ་ནར་མ་སོན་པའི་མིའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་བྱུང་མ་ཐག་ཏུ་ཐག་གཅོད་བྱེད་དགོས། མ་ལག་ལྡན་པའི་སྒོ་ནས་ཁྱིམ་ཚང་དང་། སློབ་གྲྭ། སྤྱི་ཚོགས་བཅས་ཀྱི་དོ་དམ་སྐྱོན་ཆ་གསེད་བཀྲོལ་བྱེད་པ་དང་། འགག་སྒོ་ཞན་སའི་གནད་དོན་ཐག་གཅོད་བྱེད་པ། སློབ་མའི་ཁྱིམ་བདག་གིས་སློབ་གསོའི་ལྟ་ཚུལ་གསར་སྒྱུར་བྱེད་པ་དང་། སློབ་གསོའི་ཐབས་ལམ་དམ་འཛིན་བྱེད་པ། འབྲེལ་འདྲིས་བྱེད་ཐབས་ཇེ་ལེགས་སུ་གཏོང་བ་བཅས་ལ་སྣེ་ཁྲིད་དེ། ལས་རིམ་གཙོ་བོ་དམ་འཛིན་བྱས་ནས། རང་ཞིང་གི་ནར་མ་སོན་པའི་མིའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་ཡོ་བསྲང་བྱེད་པའི་བྱ་བའི་སྤུས་ཀ་ཇེ་ལེགས་དང་ཕན་འབྲས་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་དགོས། ཕྱོགས་སོ་སོའི་ལས་འགན་ཁ་གསལ་བཟོ་བ་དང་། ལམ་ལུགས་དང་མ་ལག་འཐུས་ཚང་དུ་གཏོང་བ།  འགན་འཁྲི་གཞན་མགོར་དཀྲི་བའི་དཀའ་གནད་ཐག་གཅོད་བྱེད་ཅིང་། བདེ་འཇགས་མཚོ་སྔོན་གྱི་གཅིག་ཅན་བཅུའི་བྱ་བའི་བླང་བྱ་ལྟར། བཀོད་གཏོང་གཅིག་འདོམས་ལ་ཤུགས་སྣོན་པ་དང་། ད་ཡོད་ཀྱི་བྱ་བའི་རྐྱེན་སྲོལ་བེད་སྤྱོད་གང་ལེགས་བྱས་ནས་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། དྲ་རྒྱ་ཞེས་པའི་འགྱུར་ཚད་ཆེ་ཤོས་དེ་དམ་འཛིན་བྱེད་པ་དང་། དྲ་རྒྱ་བཅོས་སྐྱོང་གི་དཀའ་གནད་ཐག་གཅོད་བྱེད་པ། དྲ་རྒྱའི་ཆ་འཕྲིན་ཞིབ་བཤེར་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་གནོད་པའི་ཆ་འཕྲིན་མི་ལེགས་པ་དང་སྣང་ཚུལ་ངན་པར་ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱེད་དགོས།

ཁྲིན་ཀང་གིས་མིག་སྔར་ནར་མ་སོན་པའི་མིའི་ཁྲིམས་འགལ་ཉེས་གསོག་དང་། སློབ་གསོ་ཡོ་བསྲང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་དང་གྲལ་བཤེར་ཐེངས་གཅིག་བྱས་ནས། འབྲེལ་ཡོད་ཆ་འཕྲིན་ཡིག་ཚང་བསྐྲུན་དགོས། འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱེད་པ་དང་། ཆེད་མཁས་མི་སྣ་གདན་ཞུ་བྱས་ཏེ་སློབ་གསོ་ཡོ་བསྲང་མ་ལག་འཐུས་ཚང་ཏུ་གཏོང་བར་གཞིགས་ནས་བགྲོ་གླེང་བྱ་འགུལ་སྤེལ་དགོས། ནར་མ་སོན་པའི་མིའི་ཉེས་པ་བཟོས་པའི་ཆེད་དམིགས་སློབ་གྲྭ་འཆར་འགོད་རྩ་འཛུགས་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་དང་ཉེ་འཁོར་ཁོར་ཡུག་བཅོས་སྐྱོང་གི་ཆེད་དོན་འགུལ་སྐྱོད་རྩ་འཛུགས་བྱེད་དགོས། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སློབ་རར་བསྐྱོད་པ་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་རྩ་འཛུགས་བྱེད་དགོས། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་རྐྱེན་སྲོལ་བཙུགས་ཤིང་། ལམ་ལུགས་ཀྱི་གྲུབ་འབྲས་སྐོར་ཞིག་ཐོན་པར་བྱས་ཏེ། སྤྱི་ཚོགས་ཡོངས་ནས་ཐུན་མོང་གིས་ནར་མ་སོན་པའི་མིར་སེམས་ཁུར་བྱེད་པ་དང་ནར་མ་སོན་པའི་མིའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྔོན་འགོག་ནུས་ལྡན་བྱེད་པའི་སྣང་ཚུལ་ལེགས་པོ་བསྐྲུན་དགོས་པའི་བླང་བྱ་བཏོན།

ཚོགས་འདུ་མ་འཚོགས་སྔོན་ལ། ཁྲིན་ཀང་ཟི་ལིང་གྲོང་ཁྱེར་གྱི་ལོ་གཞོན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ས་ཚིགས་དང་། མཁར་དཀྱིལ་ཆུའུ་ཡི་ནར་མ་སོན་པའི་མིའི་ཁྲིམས་ལུགས་ཁྱབ་གདལ་དང་སློབ་གསོ་རྟེན་གཞི། ཧོང་ཀྲོང་ཆུའུ་ཡི་མི་དམངས་ཞིབ་དཔྱོད་ཁང་ནར་མ་སོན་པའི་མིའི་ཞིབ་དཔྱོད་བྱ་བའི་སྤྱི་ཚོགས་རྒྱབ་སྐྱོར་མ་ལག་གི་སེམས་ཁམས་བདེ་ཐང་ཁྲིད་སྟོན་རྟེན་གཞི་བཅས་ལ་སོང་ནས་རྟོག་ཞིབ་བྱས།

ཝང་ཝེ་ཏུང་དང་། དབྱང་ཧྥ་སིན། ཀྲ་ཆིན་ཅིག་བཅས་རྟོག་ཞིབ་ལ་ཞུགས་པར་མ་ཟད་ཚོགས་འདུར་ཞུགས་པ་དང་། ལིས་ཧོང་ཡཱ་དང་ཀྲང་ཙིག་ཅུན་ཚོགས་འདུར་ཞུགས།

ལྷ་མོ་འཚོས་བསྒྱུར།