ལིས་ཆང་གིས་ཅང་ཞི་རུ་ཆུ་ལོག་འགོག་པའི་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་གནང་།
2024.07.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 21

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ7པའི་ཚེས1ཉིན་ནས་ཚེས2ཉིན་བར་ཅང་ཞི་ཅིའུ་ཅང་དུ་ཆུ་ལོག་འགོག་པའི་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་གནང་། ཁོས་བསྟན་དོན། དེང་སྐབས་ནི་ཆུ་ལོག་རྒྱས་པའི་དུས་ལ་སླེབས་ཡོད་པ་དང་། ཆུ་ལོག་འགོག་པའི་བྱ་བ་དེ་གནད་འགག་གི་དུས་རིམ་དུ་སླེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ལོག་གི་གནས་ཚུལ་དང་ཆུ་ལོག་གི་གནོད་འཚེའི་གནས་ཚུལ་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བ་དང་། མང་ཚོགས་ཀྱི་བདེ་སྡུག་ཐུགས་ལ་བཅངས་ནས་ཐེངས་མང་པོར་མཛུབ་སྟོན་གལ་ཆེན་གནང་། ང་ཚོས་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་དགོས་པ་དང་། ཉེན་ཁའི་འདུ་ཤེས་དང་མ་མཐའི་བསམ་གཞིགས་སྔར་ལས་ཇེ་ཆེར་བཏང་སྟེ། ཆུ་མ་ཡོང་གོང་ལ་རགས་རྒྱག་པ་རྒྱུན་འཁྱོངས་བྱས་ནས་ཆུ་སྐྱོན་ཆེན་པོ་སྔོན་འགོག་དང་། ཉེན་ཁ་སེལ་བ། རྒུད་སྐྱོབ་ཆེན་པོ་བྱེད་པར་རྐང་བཙུགས་ཏེ། རིམ་པ་བཞིན་འགན་འཁྲི་ནན་སྒྲུབ་དང་མཐུན་སྦྱོར་གཞོགས་འདེགས་ཇེ་དྲག་ཏུ་གཏོང་བ་དང་། ཆུ་འགོག་ཉེན་སེལ་རྒུད་སྐྱོབ་ཀྱི་བྱ་བ་སོ་སོ་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཡག་པོ་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་། རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་ཀྱི་ཆེ་ཕྱོགས་བརྟན་འཇགས་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་ཟེར།

ལིས་ཆང་ཧུའུ་ཁིག་ཆུ་དཔྱད་ས་ཚུགས་སུ་ཕེབས་ནས་འབྲི་ཆུ་དང་ཕའོ་དབྱང་མཚེའུ་ཡི་ཆུ་ལོག་སྔོན་འགོག་དང་ཆུ་རྒྱས་པའི་གྲ་སྒྲིག་བྱ་བར་རྒྱུས་ལོན་བྱས་ཤིང་། ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་གནས་ཚུལ་ཐད་ནས་ཞིབ་ཏུ་འདྲི་རྟོགས་བྱས། ལིས་ཆང་གིས་བཤད་རྒྱུར། གནམ་གཤིས་སྔོན་བརྡ་དང་ཉེན་བརྡ་གཏོང་བ་ནི་གནོད་འགོག་ཉེན་གཡོལ་གྱི་འགོག་སྲུང་འཛིང་རགས་དང་པོ་ཡིན་པས། ཆ་འཕྲིན་དང་ཚན་རྩལ་གྱི་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ནས་སྡེ་ཁག་མཉམ་འབྲེལ་ཚོགས་པས་གྲོས་མོལ་དང་རེས་སྐོར་ཞིབ་འཇུག་དང་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྔོན་བརྡ་གཏོང་ཡུན་ཇེ་རིང་དུ་གཏོང་གང་ཐུབ་དང་། ཐེངས་མང་པོར་སྔོན་ལ་ཚད་འཇལ་བ་དང་། ཡང་དག་པའི་ཚད་ཇེ་མཐོར་གཏོང་བར་ཤུགས་སྣོན་དགོས་ཟེར། ལིས་ཆང་ཉིའུ་ཅའོ་བུའུ་ཝེ་ཆུ་རགས་སུ་བསྐྱོད་དེ་འབྲི་ཆུའི་ཆུ་རགས་བཅོས་སྐྱོང་དང་ཇེ་བརྟན་དུ་གཏོང་བའི་གནས་ཚུལ་ངོ་སྤྲོད་བྱས་པར་ཉན་རྗེས་འཕྲལ་སྡོམ་ལས་རེས་མི་སྣ་དང་བརྗེ་རེས་བྱས། ལིས་ཆང་གིས་བཤད་རྒྱུར། ཉེན་ཁ་འབྱུང་རྒྱུར་མི་སྐྲག་པར་ཉེན་ཁ་མི་མཐོང་བ་དེར་སྐྲག་དགོས། ཆར་པ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་ཆུ་རགས་ལ་སྐོར་ཞིབ་དང་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་ནས་ཉམས་ཞན་གྱི་གནས་སུ་མི་ཇེ་མང་དུ་གཏོང་བ་དང་གསང་གྲངས་ཇེ་མང་དུ་བཏང་སྟེ། ཉེན་ཁའི་གནས་ཚུལ་སྔ་མོ་ནས་ཤེས་རྟོགས་ཐུབ་པ་དང་སྔ་མོ་ནས་ཁ་གཏད་གཅོག་ཐུབ་པ་བྱེད་དགོས་ཟེར།

ལིས་ཆང་ལུའུ་ཧྲན་གྲོང་ཁྱེར་གྱི་པའེ་ལུའུ་གྲོང་རྡལ་ཝང་ཅ་ལུང་ཚན་ཆུང་གི་ས་གཤིས་གནོད་འཚེ་ཐེབས་ཡུལ་དུ་ཕེབས་ནས་རི་ཉིལ་བཅོས་སྐྱོང་ཡུལ་དངོས་ནས་རི་ཉིལ་བ་དང་འཕྲུལ་ཆས་ཀྱིས་ལས་ཀ་སྒྲུབ་པའི་འཕེལ་རིམ་ལ་གཟིགས་ཞིབ་གནང་ཞིང་། མང་ཚོགས་བཀོད་སྒྲིག་བྱས་པའི་གནས་ཚུལ་ལ་ཞིབ་ཏུ་བཀའ་འདྲི་གནང་། ལིས་ཆང་གིས་དེང་སྐབས་རི་ཉིལ་བ་དང་འདམ་ཟགས་སོགས་ས་གཤིས་ཀྱི་གནོད་འཚེ་ཐེབས་པ་ཆེས་མང་བའི་དུས་སུ་སླེབས་ཡོད་པས།“སྔོན་འགོག”ཨང་དང་པོར་བཞག་ནས་ས་གཤིས་གནོད་འཚེའི“མི་མངོན་པའི་རྐྱེན་ངན་འབྱུང་ས་དང་ཉེན་ཁའི་ཁུལ”གཉིས་ལ་མཉམ་དུ་ཚོད་འཛིན་བྱེད་པའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། ཉེན་ཁའི་གནས་ཚུལ་གལ་ཆེན་ཤེས་རྟོགས་བྱུང་ཚེ་འཇིགས་ཉེན་ཐེབས་པའི་ས་ཁོངས་ཀྱི་སྡོད་དམངས་དུས་ཐོག་ཏུ་གནས་སྤོ་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཐབས་བརྒྱ་ཇུས་སྟོང་གིས་འགན་སྲུང་བྱེད་དགོས་ཞེས་བསྟན།

པེ་ལུའུ་གྲོང་རྡལ་དུ། ལིས་ཆང་གིས་ཆུ་ལོག་འགོག་པའི་གནས་བབ་དབྱེ་ཞིབ་ཚོགས་འདུ་བསྡུས། ཅང་ཞི་ཞིང་ཆེན་དང་ལུའུ་ཧྲན་གྲོང་ཁྱེར། པེ་ལུའུ་གྲོང་རྡལ་དང་འཕྲལ་བསྟུན་དོ་དམ་པུའུ། རང་བྱུང་ཐོན་ཁུངས་པུའུ། ཆུ་བེད་པུའུ། ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་འགན་ཁུར་བློ་མཐུན་གྱི་སྙན་ཞུ་ལ་ཉན་རྗེས། ལིས་ཆང་གིས་སྟན་དོན། ད་ལོར་ཐལ་དྲགས་པ་དང་རྒྱུན་ལྡན་མ་ཡིན་པའི་གནམ་གཤིས་མང་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དོགས་ཟོན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཆུ་ལོག་རྒྱས་པའི་དུས་སྐབས་ལས་བདེ་འཇགས་ངང་བརྒལ་བར་ཁག་ཐེག་བྱེད་དགོས། གནོད་འཚེའི་སྔོན་བརྡ་དང་ཉེན་བརྡ་གཏོང་བ་དང་འཕྲལ་བསྟུན་དང་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་ན། གནོད་འཚེའི་ཉེན་བརྡ་གཏོང་བར“ཁ་གཏད་གཅོག”པའི་རྐྱེན་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། དྲག་ཆར་བབས་རྗེས་དེ་དང་འབྲེལ་བའི་གནོད་འཚེ་སྣ་ཚོགས་འབྱུང་བར་སྔོན་འགོག་ནན་མོ་དང་། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་དང་ཆུ་ཕྱིར་འབུད་ཀྱི་གནས་ཞན་ས་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་པ། ཞིང་ཁའི་ཆུ་ལོག་འགོག་པ་དང་ཆུ་ཕྱིར་གཏོང་བའི་ཞན་ཆ་མགྱོགས་མྱུར་གྱིས་ཁ་གསབ་བྱེད་དགོས། ཆུ་བེད་བཟོ་སྐྲུན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གཅིག་གྱུར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཆར་བ་གཙོ་བོར་ཁ་གཏད་འཇལ་བའི་ཁུལ་མུ་མཐུད་དུ་བྱང་ཕྱོགས་སུ་སྤོ་རྒྱུའི་གྲ་སྒྲིག་ལེགས་པོ་བཅས་བྱ་དགོས། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་གེགས་སེལ་རོགས་སྐྱོབ་ཡག་པོ་བྱས་ཏེ། ཐལ་དྲགས་པའི་གནས་ཚུལ་ལ་དོགས་ཟོན་དང་ཁ་གཏད་འཇལ་བའི་བྱེད་ཐབས་འདང་ངེས་པ་ཡོད་དགོས། གནོད་འཚེ་བྱུང་ཚེ་དུས་ཚོད་དང་པོའི་ནང་རོགས་སྐྱོབ་བྱས་ཏེ། མི་སྣར་ཤི་རྨས་དང་གནོད་འཚེའི་གྱོང་གུན་ཆེས་དམའ་བའི་ཚད་དུ་གཏོང་དགོས། ཐན་པ་སྔོན་འགོག་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བ་དང་། མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་དང་སྟོན་ཁར་འབྲུ་རིགས་བསྡུ་བར་ཁག་ཐེག་བྱེད་དགོས།

ཚེ་རིང་སྒྲོལ་མས་བསྒྱུར།