ཟླ7པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་གྱིས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ལ་ཆམ་ཕབ་བཅོས་སྐྱོང་བྱེད་པའི་བྱ་བའི་བརྙན་རིས་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་ཕྱོགས་ཡོངས་ནས་རྒྱལ་ཡོངས་ཀྱིས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ལ་ཆམ་ཕབ་བཅོས་སྐྱོང་བྱེད་པའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བྱས་པ་དང་། དུས་སྐབས་སྔོན་མའི་བྱ་བར་སྤྱི་བསྡོམས་དང་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། དུས་རིམ་རྗེས་མའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་གྱི་གློག་འཕྲིན་དྲ་རྒྱའི་མགོ་བསྐོར་ལ་ཆམ་ཕབ་བཅོས་སྐྱོང་བྱེད་པའི་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་གྱི་ཚན་གཙོ་ལིས་ཧོང་ཡཱ་ཚོགས་འདུར་ཞུགས་ནས་གཏམ་བཤད།
གྲོས་ཚོགས་ནས་བསྟན་དོན། 2023ལོའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། སྤྱི་བདེ་པུའུ་ཡིས་ཆེད་དོན་བཞི་དང་འགྲིལ་ཤུགས་གཉིས་ཀྱི་བྱ་བའི་རེ་བ་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱུན་ཆད་མེད་པར་བྱེད་ཐབས་སྣ་ཚོགས་ལ་ཤུགས་སྣོན་པ་དང་། ཞིང་ཆེན་ཡོངས་ཀྱི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་གྱོད་དོན་དང་གྱོད་དོན་དེར་འབྲེལ་བའི་གྱོང་གུད་ཇེ་མཐོར་འགྲོ་བའི་གནས་བབ་ལ་ཕན་ནུས་ལྡན་པར་ཚོད་འཛིན་བྱས་ཤིང་། ཉེན་བརྡ་གཏོང་བ་དང་ཁ་ཏ་བྱེད་པ། མགོ་སྐོར་ཐེབས་པའི་མ་དངུལ་གྱི་གྱོང་གུད་ཇེ་ཆུང་དུ་གཏོང་བ་སོགས་ཀྱི་ཐད་ནས་ཐོལ་བརྒལ་ཆེན་པོ་བཟོས་ཏེ། མང་ཚོགས་ཀྱིས་མགོ་སྐོར་ལ་དོགས་ཟོན་བྱེད་པའི་ཚད་མཐའ་སྲུང་བའི་བྱ་བ་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ཟེར།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཐེབས་པའི་ཁྲིམས་འགལ་ནག་ཉེས་ལ་དམིགས་ཏེ། བྱེད་ཐབས་ནུས་ལྡན་སྤྱོད་དགོས་པ་དང་། ཚོགས་ཁག་དང་མུ་འབྲེལ་ཅན་གྱི་ནག་ཉེས་ལ་ཆམ་ཕབ་གཏོང་བའི་རྨང་གཞིའི་སྟེང་། ས་ཁོངས་བརྒལ་ནས་ཆམ་ཕབ་གཏོང་བའི་བྱ་བར་སྐུལ་འདེད་གཏོང་བ་དང་། ནག་ཉེས་བཟོ་མཁན་ལ་མཐའ་གཅིག་ཏུ་ཆམ་ཕབ་བཏང་ནས། གྱོད་དོན་མང་དུ་འབྱུང་བའི་རྣམ་པ་ཚོད་འཛིན་བྱེད་དགོས། ཉེན་བརྡ་གཏོང་བ་དང་དོགས་ཟོན་འབུར་ཐོན་དུ་བྱས་ཏེ། དོན་རྐྱེན་སྔོན་དང་དཀྱིལ་གྱི་བཀག་འགོག་ནུས་པ་ཇེ་དྲག་ཏུ་བཏང་སྟེ། ཚད་ཆེན་པོའི་སྒོ་ནས་གྱོད་དོན་འབྱུང་བར་སྔོན་འགོག་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་རྒྱུ་ནོར་གྱོང་གུད་ཇེ་ཆུང་དུ་གཏོང་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།