ཟླ7པའི་ཚེས3ཉིན། ཞིང་ཆེན་སྲིད་གཞུང་གི་ཚན་ཧྲི་དང་ཞིང་ཆེན་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་མི་སྣའི་གདན་ཞུའི་མཛད་སྒོ་དང་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གདན་ཞུའི་ཡི་གེ་སྤྲད་པར་མ་ཟད་གཏམ་བཤད།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གདན་ཞུ་ཐོབ་པའི་ཚན་ཧྲི་དང་ཆེད་ཞུས་ཞིབ་འཇུག་པར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ལོ་མང་པོའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་ཧྲི་དང་། རིག་གནས་ལོ་རྒྱུས་ཁང་གི་མི་སྣ། ཆེད་ཞུས་ཞིབ་འཇུག་པ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དཀྱིལ་སྙིང་བྱ་བར་དམིགས་ནས་སྲིད་ཞུགས་སྲིད་གླེང་དང་། རྒྱལ་དོན་འདྲི་རྩད་བྱེད་པ། དམངས་གཙོའི་ལྟ་སྐུལ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་མཉམ་འབྲེལ་དང་རིག་གནས་བརྩི་མཐོང་དང་ལོ་རྒྱུས་དཔྱད་གཞིར་འཛིན་པའི་འགན་འཁྲི་ནན་ཏན་གྱིས་བསྒྲུབས་ནས་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མིག་སྔར་མཚོ་སྔོན་ནི་ལོ་རྒྱུས་སྟེང་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད་པས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་རིག་མཛོད་གསར་པ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ཏེ། ཚན་ཧྲི་དང་རིག་གནས་ལོ་རྒྱུས་ཞིབ་འཇུག་བྱ་བའི་རྣམ་པ་གསར་པ་མུ་མཐུད་དུ་གཏོད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱེད་པ་དང་། སེམས་ལ་རྒྱལ་ཁབ་ཀྱི་དོན་ཆེན་འཛིན་པ། “མི་དམངས་ཀྱི་དོ་ཁུར”ལ་དམིགས་པ། “མི་སྒེར་གྱི་དགེ་མཚན”འདོན་སྤེལ་བཅས་བྱས་ཏེ། ཚན་ཧྲི་དང་རིག་གནས་ལོ་རྒྱུས་ཞིབ་འཇུག་བྱ་གཞག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དེད་ནས་མདུན་དུ་སྐྱོད་པར་འགན་ལེན་ཏན་ཏིག་བྱ་དགོས། དཀྱིལ་སྙིང་ལ་དམིགས་ནས་ཐབས་ཇུས་བཟང་པོ་འདོན་པ་དང་། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང་། “སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་པ། རང་རེའི་ཞིང་ཆེན་གྱི་ཡུན་རིང་བདེ་འགོད་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་དང་། རྨང་གཞིའི་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་བྱ་བར་དམིགས་པ། བློ་གྲོས་ལྡན་པའི་གཏམ་བཤད་མང་ཙམ་སྤེལ་བ་དང་དངོས་སྒྲུབ་ཀྱི་ཐབས་ཇུས་མང་ཙམ་འདོན་པ། ནུས་ལྡན་གྱི་སྐད་སྒྲ་དང་ཕན་ནུས་ལྡན་པའི་གྲོས་འགོ་འདོན་དགོས། ལྟ་སྐུལ་དང་གསལ་འདེབས་ཀྱི་གཏམ་བཤད་ལ་ཤུགས་སྣོན་རྒྱག་པ་དང་། དམངས་གཙོའི་ལྟ་སྐུལ་ནུས་པ་འདོན་སྤེལ་སྔར་ལས་ལེགས་པོ་བྱེད་པ། ཏང་དང་སྲིད་གཞུང་དང་མི་དམངས་མང་ཚོགས་བར་གྱི་སྦྲེལ་ཐག་ཡག་པོ་བྱས་ཏེ། སྤྱི་ཚོགས་སྟེང་གི་དཀའ་གནད་དུས་ཐོག་ཏུ་མཚོན་པར་བྱས་ནས། སྲིད་གཞུང་གིས་ཇུས་ཐག་གཅོད་པ་དང་བྱ་བ་ལེགས་བཅོས་བྱེད་པར་གཞི་འཛིན་ས་འདོན་སྤྲོད་བྱེད་པ་དང་། མི་དམངས་ཀྱི་བློ་ཡིད་ཚིམ་པའི་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྲུན་བྱེད་པར་རོགས་རམ་བྱེད་དགོས། རིག་གནས་ལ་བརྩི་མཐོང་དང་ལོ་རྒྱུས་དཔྱད་གཞིར་འཛིན་པའི་སྲོལ་གསར་གཏོད་དགོས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཚོ་སྔོན་གྱི་ས་ཁོངས་རིག་གནས་སྔོག་འདོན་འགྲེལ་བཤད། དྲིལ་བསྒྲགས་འོས་སྦྱོར་བཅས་ལ་ཤུགས་སྣོན་བརྒྱབ་ནས“རི་ཆུའི་མགོ་ཁུངས·རབ་མཛེས་མཚོ་སྔོན”ཞེས་པའི་རིག་གནས་མཚོན་རྟགས་གཏིང་ཟབ་འཛུགས་དགོས།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་སྲིད་གཞུང་གི་ཚན་ཧྲིའི་ལས་དོན་ཁང(ཞིང་ཆེན་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང)གིས་ཐབས་ཇུས་བློ་འདྲིའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཐབས་འདོན་ཇུས་འབུལ་གྱི་ཐབས་ལམ་ཤར་གཏོང་བྱས་ཏེ་ཞབས་ཞུའི་འགན་ལེན་ཡག་པོ་བྱེད་དགོས་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ནུས་ཤུགས་ཡོད་རྒུས་ཚན་ཧྲིའི་རིག་གནས་ལོ་རྒྱུས་བྱ་བར་རྒྱབ་སྐྱོར་བྱ་དགོས་པའི་བླང་བྱ་བཏོན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་མགོ་འཛིན་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ། ཞིང་ཆེན་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་མཚན་འཛིན་མགོ་གཙོ་པའོ་དབྱི་ཀྲི་ཚོགས་འདུར་ཞུགས། གསར་དུ་གདན་ཞུ་བྱས་པའི་ཚན་ཧྲི་དང་རིག་གནས་ལོ་རྒྱུས་ཁང་གི་འཐུས་མིས་གཏམ་བཤད་བྱས།
ཤ་བོ་གསེར་མཚོས་བསྒྱུར།