ཟླ7ཚེས3ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སུ་མ་ཞུགས་གོང་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུ་དང་མཇལ་འཕྲད་གནང་།
ས་གནས་དེ་གའི་དུས་ཚོད་ཟླ7ཚེས3ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐཱ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སུ་མ་ཞུགས་གོང་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུ་དང་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ཟླ5པར་ང་ཚོས་ཞི་ཨན་དུ་ཕན་འབྲས་ལྡན་པའི་གྲོས་མོལ་བྱས་ནས་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་འབྲེལ་བ་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་ཡོད། ལོ་གཅིག་ལྷག་ཙམ་རིང་ཐུན་མོང་གི་ངོས་འཛིན་དེ་དག་དོན་འཁྱོལ་ནུས་ལྡན་བྱུང་བ་དང་ཀྲུང་གོ་དང་ཅིར་སི་སི་ཐན་མཉམ་ལས་ཀྱི་གཏམ་བཟང་ཡང་ཡང་ཁྱབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་བརྟན་ལྷིང་དང་འཕེལ་རྒྱས་འགྲོ་བའི་ཅིར་ཅི་སི་སི་ཐན་ཞིག་མཐོང་འདོད་ཡོད་པས་སྔར་བཞིན་ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་།བདག་དབང་། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱ་རྒྱུར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བསྐྱོད་རྒྱུར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཕྱོགས་གཉིས་པོས་བསམ་ཕྱོགས་གསར་འབྱེད་བྱས་ཏེ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་དང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཚོང་དོན་མ་འཇོག་མཉམ་ལས་རྒྱ་ཆེར་གཏོང་བ། ཕན་ཚུན་འབྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མའི་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་གྱི་སྤུས་ལེགས་ལྗང་མདོག་ཞིང་ལས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱེད་པ་དང་། ཀྲུང་གོའི་དངུལ་གཏོང་ཁེ་ལས་ཅིར་ཅི་སི་སི་ཐན་དུ་དངུལ་གཏོང་བྱས་ནས་ལས་གཉེར་བྱེད་པར་རྒྱབ་སྐྱོར་བྱེད་པ། ནུས་ཁུངས་གསར་པའི་རླངས་འཁོར་དང་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ལྕགས་ལམ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཕྱོགས་གཉིས་པོས་ཅིར་ཅི་སི་སི་ཐན་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ལྟེ་གནས་དང་། ཀྲུང་གོའི་རིག་གནས་ལྟེ་གནས། ལུའུ་པན་བཟོ་ཁང་སོགས་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཕྱོགས་གཉིས་ཀྱི་མཛའ་གྲོགས་མཉམ་ལས་ཀྱི་རྒྱུན་འཛིན་པ་མང་བོ་གསོ་སྐྱོང་བྱེད་དགོས་ཞེས་གསུངས། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཨེ་ཤེ་ཡཱ་དབུས་མའི་ལམ་སྲོལ་མུ་མཐུད་སྟོབས་ཆེན་དུ་བཏང་སྟེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་ཕྱོགས་ཁག་གི་ཐུན་མོང་ཁེ་ཕན་དང་མཐུན་པའི་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་འགན་ལེན་བྱེད་འདོད་ཡོད་ཅེས་གསུངས།
ཟླ7ཚེས3ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་སུ་མ་ཞུགས་གོང་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུ་དང་མཇལ་འཕྲད་གནང་།
ཀྲ་ཕཱ་ལུའོ་ཧྥུ་ཡིས་བསྟན་དོན། ན་ནིང་ཟླ5པར་ཀྲུང་གོར་འཚམས་འདྲིར་བྱས་པ་ངས་ཡིད་ལ་གསལ་པོར་དྲན་ཡོང་།ཐེངས་དེའི་འཚམས་འདྲིར་ཕེབས་པ་དེས་ཅིར་ཅི་སི་སི་ཐན་དང་ཀྲུང་གོའི་འབྲེལ་བའི་དུས་རབས་གསར་པ་བཏོད་ཡོད། མིག་སྔར་ཅིར་ཅི་སི་སི་ཐན་དང་ཀྲུང་གོའི་ཆབ་སྲིད་འབྲེལ་བ་ཆུ་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་ཕྱིན་པ་དང་། རྒྱལ་ཁབ་གཉིས་པོའི་སྡེ་ཚན་ཁག་དབར་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱེད་པ། ས་གནས་ཀྱི་སྤེལ་རེས་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་ཕྱིན་པ། ཕྱོགས་གཉིས་པོའི་ཚོང་དོན་དངུལ་གཏོང་བརྟན་པོའི་ངང་འཕར་བཞིན་ཡོད། འཛམ་གླིང་གི་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མདུན་དུ་ཅིར་ཅི་སི་སི་ཐན་དང་ཀྲུང་གོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྲ་ཞིང་བརྟན་པ་དང་རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་ཀྱི་ཕྱོགས་འགལ་དང་མཉམ་ལས་ཀྱི་འགོག་རྐྱེན་གང་ཡང་མེད། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ནན་པོ་བྱས་ནས་ཀྲུང་གོའི་ཁེ་ལས་མང་བོ་ཅིར་ཅི་སི་སི་ཐན་དུ་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོའི་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་བཟང་པོ་མཁོ་འདོན་བྱ་རྒྱུ་ཡིན་ལ། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་ལྕགས་ལམ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་འབྲེལ་གཏུག་དང་མཉམ་ལས་དམ་ཟབ་བྱ་རྒྱུ་ཡིན་ཟེར།
ཚའེ་ཆིས་དང་ཝང་དབྱི་མཇལ་འཕྲད་ལ་ཞུགས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།