ལིས་ཆང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་།
2024.07.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 17

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ7ཚེས2ནས་ཚེས3ཉིན་བར། ཅང་སུའུ་སུའུ་ཀྲོའུ་རུ་རྟོག་ཞིབ་གནང་།  ཁོང་གིས་ནན་གྱིས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་བསྐྲུན་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་སྒྱུར་གྱི་གོ་སྐབས་དམ་འཛིན་བྱེད་པ་དང་།  གསར་གཏོད་སྐུལ་འདེད་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་ནུས་སྤྲོད་ཤུགས་ཆེར་གཏོང་བ། བཟོ་སྐྲུན་ལས་རིགས་གཞི་གྲངས་ཅན་དུ་འགྱུར་བར་མྱུར་དུ་སྐུལ་འདེད་གཏོང་བ། ཆེད་ལས་དང་སྤུས་ཚད་མཐོ་བའི་ཁེ་ལས་གསར་པ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱེད་པར་ནུས་པ་ཆེན་པོ་འདོན་དགོས།

ལིས་ཆང་ཐོག་མར་སུའུ་ཀྲོའུ་ཧའེ་ཁྲོན་ལག་རྩལ་ཚད་ཡོད་ཀུང་སིར་ཕེབས་ནས་ཐོན་རྫས་གསར་པའི་འགྲེམས་སྟོན་ལ་གཟིགས་ཞིབ་དང་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད།   ལིས་ཆང་གིས་གསུང་རྒྱུར།  རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ནི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གལ་ཆེན་ཞིག་ཡིན་པས་ཁེ་ལས་ཀྱིས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་དམིགས་ཏེ་ལས་རིགས་གཙོ་བོ་དམ་འཛིན་གྱིས་ཞིབ་རྨོ་ཞིབ་འདེབས་དང་ཚན་རྩལ་གསར་གཏོད་ལ་བརྟེན་ནས། ཐོན་ལས་གསར་གཏོད་ལ་སྐུལ་ཁྲིད་བྱེད་པར་མུ་མཐུད་དུ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། སི་པུས་ཁྲི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་རུ་ལིས་ཆང་གིས་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་འཕེལ་རིམ་ངོ་སྤྲོད་བྱས་པར་གསན་པ་དང་སྐད་བརྡའི་དཔེ་དབྱིབས་ཆེན་པོའི་ལག་རྩལ་ལ་ཉམས་ལེན་མཛད། ལིས་ཆང་གིས་དཔེ་དབྱིབས་ཆེ་གྲས་མྱུར་དུ་འཕེལ་རྒྱས་སུ་ཕྱིན་པ་དེས་ཞིབ་འཇུག་གསར་སྤེལ་ཇུས་འགོད་དང་ཐོན་སྐྱེད་བཟོ་སྐྲུན་བྱེད་སྟངས་ལ་འགྱུར་ལྡོག་བྱུང་བཞིན་ཡོད། རང་རྒྱལ་གྱི་ཁྲོམ་རའི་གཞི་ཁྱོན་ཆེ་བ་དང་བེད་སྤྱོད་རྣམ་པ་ཕུན་སུམ་ཚོགས་པ་སོགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོ་ལ་ཁ་ཕྱོགས་པའི་ཐད་ཀའི་བེད་སྤྱོད་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། མིས་བཟོས་རིག་ནུས་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ། རིག་ནུས་ཐོན་ལས་མྱུར་དུ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས་ཞེས་གསུངས།

རྟོག་ཞིབ་མཛད་སྐབས་ལིས་ཆང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་། ཅང་སུའུ་ཞིང་ཆེན་དང་ཁེ་ལས་ཁག་ཅིག་གི་འགན་འཁུར་བའི་གཏམ་བཤད་ལ་གསན་རྗེས།  ལིས་ཆང་གིས་བཟོ་སྐྲུན་ལས་རིགས་གཞི་གྲངས་ཅན་དུ་འགྱུར་བ་དེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པས་ངེས་པར་དུ་བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་དགོས། མཁོ་སྤྲོད་ཕྱོགས་གཉིས་ཀྱི་ནུས་པ་རྒྱུན་འཁྱོངས་བྱས་ཏེ། དགོས་མཁོའི་ཕྱོགས་སུ་ཐུན་མོང་རང་བཞིན་གྱི་གནད་དོན་ལ་དམིགས་ཏེ་ཚུལ་བསྒྱུར་གྱི་འཇུག་སྒོ་གནད་ལ་འཁེལ་བའི་སྒོ་ནས་འཚོལ་བ། མཁོ་སྤྲོད་ཕྱོགས་སུ་ཆེད་ལས་ཅན་གྱི་ཞབས་ཞུའི་ཚོང་པ་ཤུགས་ཆེན་པོས་གསོ་སྐྱོང་བྱེད་དགོས། མིས་བཟོས་རིག་ནུས་ནུས་པ་སྤྲོད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་“མིས་བཟོས་རིག་ནུས”དང་བཟོ་སྐྲུན་ལས་རིགས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱི་གཙོ་གཟུགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁེ་ལས་ཆེ་གྲས་ཀྱིས་སྔོན་ལ་ཚུལ་སྒྱུར་དང་སྣེ་ཁྲིད་བྱེད་པར་སྐུལ་འདེད་བྱེད་དགོས།  འགག་རྩའི་ལྟེ་བའི་ལག་རྩལ་མཁྲེགས་གཏོར་དང་གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། ཚུལ་བསྒྱུར་གྱི་རྨང་གཞི་བརྟན་པོར་གཏོང་དགོས་ཞེས་བསྟན།  ལིས་ཆང་གིས་ཆེད་ལས་སྤུས་ལེགས་དང་དམིགས་བསལ་གསར་པའི་ཁེ་ལས་དང“གྱད་མི་ཆུང་བའི”ཁེ་ལས་ནི། བཟོ་སྐྲུན་ལས་རིགས་གཞི་གྲངས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ཚང་མས་གསར་གཏོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བྱས་ན་སྔར་ལས་འཕེལ་རྒྱས་དང་གསོན་ཉམས་ལྡན་པའི་རྣམ་པ་ཆགས་ཐུབ།  རིམ་སོ་སོའི་སྲིད་གཞུང་གིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་བཟང་པོ་བསྐྲུན་ཏེ་ཁེ་ལས་འབྲིང་ཆུང་མང་པོ་འབུར་དུ་ཐོན་པར་བྱེད་དགོས་ཞེས་གསུངས།

ལིས་ཆང་གིས་ཅང་སུའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ་དང་།  ཅང་སུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་ཡི་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་དཔེ་སྟོན་གྱི་ནུས་པ་ཆེན་པོ་འདོན་དགོས་ཞེས་གསུངས།

ཝུའུ་ཀྲིན་ལུང་མཉམ་དུ་རྟོག་ཞིབ་ལ་ཞུགས།

གཡང་འབུམ་རྒྱལ་གྱིས་བསྒྱུར།