མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ40འཁོར་བར་དྲན་གསོ་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས།
2024.07.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 22

མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ40འཁོར་བར་དྲན་གསོ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཚེས4ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཚོགས་འདུར་ཞུགས།

མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནི1984ལོའི་ཟླ5པར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་དྲུག་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གྲོས་འཆམ་བྱུང་བ་དང་། ལོ་དེའི་ཟླ10པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧུང་ཀྲུང་གིས་བཞུགས་མོལ་ཚོགས་འདུའི་སྟེང་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་གཏོད་རྒྱུ་གཙོ་ཐིག་ཏུ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱིས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། དུས་བསྟུན་མདུན་སྐྱོད་ངང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཁྱོན་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱས་ཏེ་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་གསུངས།

ལིས་ཧུང་ཀྲུང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཏིང་ཟབ་པའི་ནང་དོན་དང་། དུས་རབས་ཀྱི་ཁྱད་ཆོས། ལག་ལེན་གྱི་བླང་བྱ་བཅས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་མི་རིགས་སོ་སོ་རྒྱ་ཁྱབ་ངང་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཧུར་ཐག་གིས་བསྐྲུན་པ། ཁྲིམས་ལྟར་མི་རིགས་བྱ་བ་བཅོས་སྐྱོང་བྱེད་པ། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་མཉམ་དུ་འབད་བརྩོན་བྱེད་པར་མཐུན་སྒྲིལ་དང་སྐུལ་སློང་བྱ་དགོས། 

ཧྲི་ཐའེ་ཧྥིན་དང་། ལིས་ཧྲུའུ་ལེ། བློ་བཟང་རྒྱ་མཚོ། ཞུའེ་ཁི་ལའེ་ཐི·ཀྲ་ཁིའར། ཧྲིན་དབྱི་ཆིན། པཱ་ཐིའར་བཅས་བཞུགས་མོལ་ཚོགས་འདུར་ཞུགས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཕིན་ཆིང་ཧྭ་ཡིས་ཚོགས་འདུར་མགོ་འཛིན་བྱས།

ཤ་བོ་གསེར་མཚོས་བསྒྱུར།