རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཚེས4ཉིན་ཧྲང་ཧའེ་རུ2024ལོའི་འཛམ་གླིང་མིས་བཟོས་རིག་ནུས་ཚོགས་ཆེན་དང་གོ་ལ་ཧྲིལ་པོའི་མིས་བཟོས་རིག་ནུས་བཅོས་སྐྱོང་གི་རིམ་པ་མཐོ་བའི་ཚོགས་འདུའི་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ལིས་ཆང་གིས་བསྟན་དོན། 2018ལོར་སྐབས་དང་པོའི་ཚོགས་ཆེན་འཚོགས་སྐབས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་དུ་རྟེན་འབྲེལ་ཡི་གེ་བསྐུར་ནས་སྐབས་གསར་པའི་མིས་བཟོས་རིག་ནུས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་པ་དང་། མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏིང་ཟབ་གཏོང་བཞིན་ཡོད། ཀྲུང་གོས་མིས་བཟོས་རིག་ནུས་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས《གོ་ལ་ཧྲིལ་པོའི་མིས་བཟོས་རིག་ནུས་བཅོས་སྐྱོང་གི་གྲོས་འགོ》ཁྱབ་བསྒྲགས་བྱས་པ་དང་། སྐབས78པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་མིས་བཟོས་རིག་ནུས་ནུས་པ་འཛུགས་སྐྲུན་ཐད་ཤུགས་སྣོན་རྒྱག་པའི་རྒྱལ་སྤྱིའི་མཉམ་ལས་གྲོས་ཆོད་བཏོན་པར་མ་ཟད་གྲོས་འཆམ་བྱུང་ནས་གོ་ལ་ཧྲིལ་པོའི་མིས་བཟོས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་ལ་དགེ་མཚན་ལྡན་པའི་བསམ་ཕྱོགས་དང་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་གསུངས།
ལིས་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་མིས་བཟོས་རིག་ནུས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས། ལིས་ཆང་གིས་གྲོས་འགོ་གསུམ་བཏོན་པ་སྟེ། གཅིག་ནི་གསར་གཏོད་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རིག་ནུས་ཁེ་བཟང་བསྐྲུན་དགོས། ལག་རྩལ་མཉམ་འབྲེལ་འགག་སྒྲོལ་དང་། གཞི་གྲངས་རྒྱལ་མཚམས་འགུལ་སྐྱོད། སྒྲིག་ཆས་རང་མོས་ཉོ་ཚོང་དང་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་བཅས་ལ་སྐུལ་འདེད་བཏང་ནས་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བདེ་འཇགས་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱ་དགོས། གཉིས་ནི་ཀུན་ཕན་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རིག་ནུས་ཀྱི་འགལ་རྐྱེན་སེལ་དགོས། ལག་གདང་སྦྲེལ་ནས་སྒོ་འབྱེད་དང་དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་ཁོར་ཡུག་བསྐྲུན་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱག་པར་རོགས་རམ་བྱས་ཏེ་གྲངས་ཀའི་དཀྱེད་ཡངས་ཀྱི་ཚད་སྔར་ལས་ཆེ་བ་མངོན་འགྱུར་བྱེད་དགོས། གསུམ་ནས་མཐུན་སྦྱོར་མཉམ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་རིག་ནུས་ལེགས་ཕྱོགས་སུ་འཕེལ་བར་འགན་ལེན་ཏན་ཏིག་བྱ་དགོས། ཡོངས་ཁྱབ་ཏུ་ཞུགས་པའི་རྒྱལ་སྤྱིའི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་མིས་བཟོས་རིག་ནུས་འཕེལ་རྒྱས་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་རྩ་བའི་ཁེ་ཕན་དང་རིན་ཐང་གི་ཚད་གཞི་དང་མཐུན་པར་འགན་ལེན་ཏན་ཏིག་བྱ་དགོས།
པཱ་ཞིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཡོན་ཀྲང་པཱ་ལའོ་སའོ་དང་། གསར་སྤེལ་དངུལ་ཁང་གསར་པའི་མགོ་གཙོ་ལའོ་སའེ་ཧྥུའུ། མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་མུའུ་ལི་སོགས་ཕྱི་ཕྱོགས་ཀྱི་སྐུ་མགྲོན་དང་རྒྱལ་སྤྱིའི་རྩ་འཛུགས། ཐོན་སློབ་ཞིབ་གསུམ་སོགས་ལས་རིགས་ཁག་གི་འཐུས་མི1000ཙམ་འགོ་རྩོམ་མཛད་སྒོར་ཞུགས།
འགོ་རྩོམ་མཛད་སྒོ་མཇུག་སྒྲིལ་རྗེས་ལིས་ཆང་གིས་ཚོགས་འདུར་ཞུགས་པའི་ཕྱི་ཕྱོགས་ཀྱི་སྐུ་མགྲོན་དང་མཉམ་དུ་མིས་བཟོས་རིག་ནུས་ཁང་ལ་སྐོར་ཞིབ་བྱས་པ་དང་། འབྲེལ་ཡོད་ཚན་ཞིབ་ལས་ཁུངས་དང་ཁེ་ལས་ཀྱི་འགན་འཁུར་བ་དང་གླེང་མོལ་བརྗེ་རེས་བྱས།
ཚོགས་ཆེན་ལས《གོ་ལ་ཧྲིལ་པོའི་མིས་བཟོས་རིག་ནུས་ལ་བཅོས་སྐྱོང་གི་ཧྲང་ཧའེ་བསྒྲགས་གཏམ》སྤེལ།
ཁྲིན་ཅི་ཉིང་དང་ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།