ས་དེའི་དུས་ཚོད་ཟླ7པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ས་སི་ཐཱ་ནའི་ཙུང་ཐུང་བཞུགས་ཤག་ཏུ་ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་གྲོས་མོལ་མཛད་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
ས་དེའི་དུས་ཚོད་ཟླ7པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ས་སི་ཐཱ་ནའི་ཙུང་ཐུང་བཞུགས་ཤག་ཏུ་ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་དང་གྲོས་མོལ་མཛད་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། འདི་ནི་ངས་ཐེངས་ལྔ་བར་ཁྱིམ་མཚེས་རྒྱལ་ཁབ་ཧཱ་སག་སི་ཐན་ལ་འཚམས་འདྲི་མཛད་པ་ཡིན་ལ། ང་དང་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་གཉིས་ཀྱིས་ཟླ་དགུའི་རྗེས་སུ་ཡང་བསྐྱར་གྲོས་མོལ་མཛད་པ་ཡང་ཡིན། སྔོན་ཏག་ཏག་ལ་ངས་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་མཛའ་བརྗེ་དང་གྲུབ་འབྲས་ལྡན་པའི་གྲོས་མོལ་མཛད་པ་དང་། ཐུན་མོང་གི་ལྟ་བ་བྱུང་ལ། མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་བཀོད་པ་དང་། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་མཉམ་ལས་ཀྱི་ཁ་ཕྱོགས་གཙོ་བོར་འཆར་འགོད་བྱས་ལ། ང་ཚོས་ད་དུང་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་དང་སྡེ་ཁག་བར་གྱི་མཉམ་ལས་ཡིག་ཆ་མང་པོ་བརྗེ་རེས་བྱེད་པར་བདེན་དཔང་བྱས་པ་དང་། དེ་དཔལ་འབྱོར་ཉོ་ཚོང་དང་མཉམ་འབྲེལ་མཉམ་མཐུད། ནུས་ཁུངས། ཞིང་ལས། ཚན་རྩལ། མི་གཞུང་སོགས་ཁྱབ་ཁོངས་གཙོ་བོ་དང་འབྲེལ་ལ། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་ཐད་སྒུལ་ཤུགས་གསར་བ་བསྣན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བ་དེ་ལོ་ངོ་སྟོང་ཕྲག་རིང་གི་གནའ་བོའི་དར་གོས་ཚོང་ལམ་ནས་འགོ་ཚུགས་པ་དང་། འབྲེལ་བ་བཙུགས་པའི་ལོ་ངོ་སོ་གཉིས་རིང་གི་གཉིས་ཕན་མཉམ་ལས་ཀྱི་གསོག་ཉར་བརྒྱུད་དེ། ཡུན་རིང་བའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆུ་ཚད་མཐོན་པོར་སླེབས་པ་དང་། དུས་རབས་རིམ་བརྒྱུད་ཀྱི་མཛའ་བརྗེ་དང་ཡིད་ཆེས་བརྟན་པོ། སྐྱིད་སྡུག་མཉམ་མྱོང་དེ་ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་ཀྱི་དབྱངས་རྟ་གཙོ་བོར་གྱུར་ཡོད། མ་འོངས་པར་རྒྱང་ལྟ་བྱས་ན། ང་ཚོས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་ཐད་ཡིད་ཆེས་བརྟན་པོ་བཅངས་ཡོད།
ང་ཚོས་མཐའ་གཅིག་ཏུ། ཀྲུང་གོ་དང་ཧཱ་སག་སི་ཐན་རྒྱལ་ཁབ་གཉིས་ཀ་རང་སོ་སོར་དར་རྒྱས་གོང་འཕེལ་གཏོང་བའི་གནད་འགག་གི་དུས་རིམ་དུ་གནས་པ་དང་། དེང་རབས་ཅན་གྱི་བགྲོད་ལམ་སྟེང་གི་མཉམ་བསྐྱོད་པ་ཡིན། ཕྱོགས་གཉིས་ཀས་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཀྱི་ཡིད་རྟོན་རྒྱུན་མཐུད་ངང་ཇེ་ཟབ་ཏུ་གཏོང་བ། འཐབ་ཇུས་སྦྲེལ་མཐུད་འཕེལ་རྒྱས་སུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་སྲུང་སྐྱོབ་བྱས་ནས། ཕན་ཚུན་གྱིས་བློ་གཏད་ཆོག་པའི་རྒྱབ་རྟེན་བརྟན་པོ་བྱེད་རྒྱུ་ཡིན།
ང་ཚོས་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་ཉོ་ཚོང་རིན་ཚད་ལྡབ་འཕར་བྱེད་པའི་དམིགས་འབེན་སྔ་མོ་མངོན་འགྱུར་བྱེད་རྒྱུ་གཏན་ཁེལ་བྱས་པ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཐོན་ནུས། མཉམ་འབྲེལ་མཉམ་མཐུད། ནུས་ཁུངས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་གཏོང་རྒྱུའི་གྲོས་ཐག་བཅད་ལ། དཔལ་འབྱོར་ཉོ་ཚོང་མཉམ་ལས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་ལམ་ཐིག་པར་རིས་དོན་འཁྱོལ་བཟང་བོ་བྱེད་པ་དང་། ཐོན་ནུས་མཉམ་ལས་ལས་གཞི་སྔར་ལས་མང་པོ་ཐད་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་བ། ལིས་ཧའེ་བརྒལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་ལམ་ཐིག་དང་ཀྲུང་གོ་དང་ཧཱ་སག་སི་ཐན་ཁོངས་བརྒལ་ལྕགས་ལམ་གསུམ་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ད་དུང་གནད་འགག་གཏེར་ཐོན་དང་ནུས་ཁུངས་གསར་བ། ཚན་རླ་གསར་གཏོད། མཁའ་འགྲུལ་མཁའ་བསྐྱོད། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་འཕར་སྣོན་གནས་གསར་བ་མཉམ་དུ་སྐྱེད་སྲིང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་རྒྱུན་མ་ཆད་པར་སྤུས་འདེགས་རིམ་སྤོར་བྱེད་པར་རོགས་འདེགས་བྱེད་རྒྱུ་ཡིན།
ང་ཚོ་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་རིག་གནས་ལྟེ་གནས་དང་པེ་ཅིང་སྐད་ཆའི་སློབ་ཆེན་ཧཱ་སག་སི་ཐན་ཡན་ལག་སློབ་གྲྭའི་སྒོ་ཡོལ་ལེན་པའི་མཛད་སྒོར་ཞུགས་པ་དང་། དེས་རྒྱལ་ཁབ་གཉིས་ཀྱི་མང་ཚོགས་བར་གྱི་རྒྱུས་ལོན་དང་མཛའ་བརྗེ་སྔར་ལས་ཇེ་ཟབ་ཏུ་གཏོང་ཐུབ་པར་ཡིད་ཆེས་ཡོད། ཀྲུང་གོས་ཧ་སག་སི་ཐན་དུ་ལུའུ་པན་བཟོ་ཁང་གཉིས་པ་འཛུགས་པ་དང་། སང་ལོར་ཧཱ་སག་སི་ཐན་དུ་ཀྲུང་གོའི་གནས་སྐོར་ལོའི་བྱ་འགུལ་སྤེལ་རྒྱུའི་ཐག་བཅད། ཕྱོགས་གཉིས་ཀྱིས་སྨྱན་བྱད་དང་རིག་མཛོད། གློག་བརྙན་འཕྲིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་དེ། ཞིང་ཆེན་དང་ཁུལ། གྲོང་ཁྱེར་སྔར་ལས་མང་པོའི་བར་འབྲེལ་བ་བཟང་བོ་འཛུགས་པ་དང་། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་དང་དམངས་ཀྱི་འདོད་བློའི་རྨང་གཞི་བརྟན་པོ་འཛུགས་རྒྱུ་ཡིན།
ང་ཚོས་མུ་མཐུད་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་མཉམ་ལས་དམ་ཟབ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཡ་གླིང་དབུས་རྒྱུད་རྐྱེན་སྲོལ་སོགས་ཕྱོགས་མང་རྩ་འཛུགས་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་པ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞི། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་གཞི་མཉམ་དུ་ལག་བསྟར་བྱེད་པ། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣ་ཅང་ཅན་དང་ཀུན་ཕན་ཁོད་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དར་སྤེལ་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་མཉམ་དུ་སྲུང་སྐྱོང་བྱེད་རྒྱུ་ཡིན་འདོད་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཧཱ་སག་སི་ཐན་གྱི་གསེར་གྱོམ་མཉམ་ལས་རྐྱེན་སྲོལ་ཁྲོད་ཞུགས་པ་དང་། རྒྱལ་སྤྱིའི་གར་སྟེགས་སྟེང་འབྲིང་རིམ་སྟོབས་ལྡན་རྒྱལ་ཁབ་ཀྱི་ནུས་པ་འདོན་སྤེལ་བྱས་ནས། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ཐད་རང་ཉིད་ཀྱི་བྱས་རྗེས་འཇོག་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཧཱ་སག་སི་ཐན་རྒྱལ་ཁབ་གཉིས་ཀ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གསར་གཏོད་ཁོངས་གཏོགས་རྒྱལ་ཁབ་ཡིན་པ་དང་། ཧཱ་སག་སི་ཐན་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ། ཁུལ་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག སང་ཉིན་གྱི་ཨ་སི་ཐཱ་ནའི་རྩེ་ཚོགས་ཡོངས་འགྲུབ་འབྱུང་ངེས་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་སྔར་ལས་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད།
ཐའོ་ཁཱ་ཡེ་ཧྥུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲི་ཐད་ནས་དམིགས་བསལ་གྱི་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པ་དང་། ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོར་འཕེལ་རྒྱས་་གཏོང་བའི་འགོ་ཚུགས་ས་གསར་བར་འགྱུར་ངེས། ཀྲུང་གོ་ནི་ཧཱ་སག་སི་ཐན་གྱི་ཁྱིམ་མཚེས་བཟང་བོ་དང་ཡུན་རིང་གི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོ་ཡིན། ཧཱ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བའི་རྨང་གཞི་ནི་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་རྒྱུ་དེ་ཡིན་ལ། རྒྱལ་ཁབ་གཉིས་བར་དུ་ཐག་མ་ཆོད་པའི་གནད་དོན་གཅིག་ཀྱང་མེད། ལོ་རྒྱུས་སྟེང་། ཀྲུང་གོས་ཧཱ་སག་སི་ཐན་གྱི་ཁེ་ཕན་ལ་གནོད་ཅུང་ཙམ་བྱས་མེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་ཧ་ཅང་བརྟན་ལ། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས། ཀྲུང་གོ་ནི་ཧཱ་སག་སི་ཐན་གྱི་ཆེས་ཆེ་བའི་ཉོ་ཚོང་གྲོགས་པོ་དང་ཕྱི་ཡོང་དངུལ་གཏོང་རྒྱལ་ཁབ་གལ་ཆེན་ཡིན་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཧཱ་སག་སི་ཐན་དུ་དངུལ་གཏོང་དང་མཉམ་ལས་བྱས་པ་དེས་ཧཱ་སག་སི་ཐན་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་། ཧཱ་སག་སི་ཐན་གྱིས་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་མཛའ་མཐུན་དང་གཉིས་ཕན་མཉམ་ལས་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཧཱ་སག་སི་ཐན་དུ་ཡོང་ནས་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ལ། ཀྲུང་གོའི་ཁེ་ལས་ལ་དགོས་ངེས་ཀྱི་ཕན་ཡོད་ཆ་རྐྱེན་ཡོད་ཚད་འདོན་སྤྲོད་བྱེད་རྒྱུ་ཡིན། ཧཱ་སག་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་མང་པོའི་སྟེང་ལངས་ཕྱོགས་གཅིག་མཚུངས་ཡིན་པ་དང་། ཕྱོགས་གཉིས་ཀས་ཞི་བདེ་ཕྱི་འབྲེལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ཧཱ་སག་སི་ཐན་གྱིས་ཀྲུང་གོ་དང་མཉམ་དུ་ཀྲུང་གོ་དང་ཡ་གླིང་དབུས་རྒྱུད་ཀྱི་རྐྱེན་སྲོལ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། མཛའ་བརྩེ་ནི་ཧཱ་སག་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་པ་དང་། དེ་སེར་བོ་གསེར་ལས་ཀྱང་རྩ་ཆེ། ཧཱ་སག་སི་ཐན་གྱིས་ཀྲུང་གོ་དང་མཉམ་དུ་འབད་འཐབ་བྱས་ནས། ཧཱ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བའི་ཐད་ནས་ལོ་ངོ་སུམ་ཅུ་གསར་བའི་ནང་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།