མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བྱི་ནད་འགོག་སྡོམ་ཆེད་དོན་བརྙན་རིས་གྲོས་ཚོགས་ཟླ7པའི་ཚེས4ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་བྱི་ནད་འགོག་སྡོམ་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། གཙོ་གནད་བྱ་བའི་ལས་འགན་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཚོགས་ཐོག་ནས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་བྱི་ནད་འགོག་སྡོམ་བྱ་བའི་གྲུབ་འབྲས་ཧ་ཅང་མངོན་གསལ་ཡིན་པ་དང་། བསྟུད་མར་ལོ12གཉིས་རིང་ལ་བྱི་ནད་གཅིག་ཀྱང་མ་བྱུང་བའི་གྲུབ་འབྲས་བཟང་བོ་བླངས་ན་ཡང་། བྱི་ནད་རྒྱང་ཐག་རིང་བོ་ནས་མཆེད་ཀྱི་ཉེན་ཁ་ནམ་ཡང་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་བྱི་ནད་འགོག་སྡོམ་གནས་བབ་སྔར་བཞིན་ཧ་ཅང་ཛ་དྲག་ཡིན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་བྱི་ནད་འགོག་སྡོམ་བྱ་བའི་གལ་ཆེན་རང་བཞིན་དང་བྲེལ་མྱུར་རང་བཞིན། དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། མཉམ་འགོག་མཉམ་སྡོམ་གྱི་བྱ་བའི་རྐྱེན་སྲོལ་ཇེ་དྲག་ཏུ་གཏོང་བ། རྣམ་པ་མང་པོ་སྤྱོད་པ་དང་གོ་སྐབས་སྣ་ཚོགས་བེད་སྤྱོད་པ། ཐབས་ལམ་སྣ་མང་བརྒྱུད་དེ། བྱི་ནད་འགོག་སྡོམ་བདེ་ཐང་སློབ་གསོའི་དྲིལ་སྒྲོག་བྱ་འགུལ་རྒྱུན་མཐུད་ངང་སྤེལ་བ་དང་། མང་ཚོགས་ཀྱིས་བྱི་ནད་འགོག་པའི་འདུ་ཤེས་ཡང་དག་འཛུགས་པར་སྣེ་ཁྲིད་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བྱི་ནད་འགོག་སྡོམ་བྱ་བ་དེ་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་བརྟན་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་འབྲེལ་བ་ཡོད་པས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། རིམས་ནད་ལྟ་ཞིབ་བྱ་བ་ནན་ཏན་སྒོས་སྤེལ་བ། འཕྱི་བ་རྔོན་བཀག་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བྱི་ནད་འགྲིམ་འགྲུལ་རིམས་བཤེར་ལ་ཤུགས་སྣོན་པ། རིམས་ནད་ཐག་གཅོད་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། འགོག་སྡོམ་གྱི་སྟོབས་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་གཏོང་དགོས། ཞིང་ཆེན་བར་དང་ཁུལ་བར། རྫོང་བར་གྱི་ཁུལ་ཁོངས་བྱི་ནད་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་སྔར་ལས་སྲ་བརྟན་དུ་གཏོང་བ་དང་ཤུགས་སྣོན་པ། ཆ་འཕྲིན་བརྗེ་རེས་བྱས་ཏེ། མཉམ་ལས་དམག་འཐབ་དང་སྤྱི་ཁོག་ནས་འགོག་སྡོམ་བྱེད་པའི་བྱ་བ་རྣམ་པ་གྲུབ་པར་བྱེད་དགོས། དྲ་ཐོག་ནས་བྱི་ནད་ཀྱི་ཉེན་ཁ་བརྒྱུད་སྒྲོག་དང་འགོག་ཟོན་བྱེད་པའི་ཆེད་དོན་བཅོས་སྐྱོང་བྱ་བ་ཚད་ལྡན་དུ་བསྒྱུར་བར་ཟུང་འབྲེལ་བྱེད་པ་དང་། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་རང་འགུལ་འབད་འཐབ་བྱེད་པའི་ཁག་ཁུར་འདུ་ཤེས་དང་། འགན་ནན་མོར་ཁུར་བའི་བྱ་བའི་རྣམ་པར་བརྟེན་ནས། བྱི་ནད་འགོག་སྡོམ་བྱ་བ་རྒྱུན་འཁྱོངས་ལྷོད་མེད་སྒོས་སྤེལ་བ་དང་། རང་ཞིང་དུ་བྱི་ནད་མི་འབྱུང་བར་ཁག་ཐེག་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།