ཞིང་ཆེན་ཏང་ཨུས་སྲིད་ཏང་གྲོས་མོལ་ཚོགས་འདུ་བསྡུས་ནས་ཏང་ཕྱིའི་མི་སྣར་རང་ཞིང་གི་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྐུལ་སྤེལ་སྲོལ་ཡིག་སྒྲིག་བཟོ་གནས་ཚུལ་ཁྱབ་བསྒྲགས་བྱས།
2024.07.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ7པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་སྲིད་ཏང་གྲོས་མོལ་ཚོགས་འདུ་བསྡུས་ནས། ཏང་ཕྱིའི་མི་སྣར་མཚོ་སྔོན་ཞིང་ཆེན་གྱི་ཚྭ་མཚོ་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྐུལ་སྤེལ་སྲོལ་ཡིག་འཆར་ཟིན་སྒྲིག་བཟོ་གནས་ཚུལ་ཁྱབ་བསྒྲགས་བྱས་པར་མ་ཟད་བསམ་འཆར་ལ་ཉན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན་གྱིས་གནས་ཚུལ་ཁྱབ་བསྒྲགས་བྱས།

ཚོགས་ཐོག་ཏུ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིའུ་ཐུང་ཏི་དང་། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཅན། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཁུན། གཅིག་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲུའུ་ཁྲུན་ཡུན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཀོང་ཅུན། ཞིང་ཆེན་ཏང་ཕྱིའི་ཤེས་ཡོན་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་པ་ཏིན་ཞོ་ཁྲོན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཚང་མས་སྲོལ་ཡིག་ལ་ཧ་ཅང་འཐད་པ་ཡིན་པའི་ཚུལ་བསྟན་པ་མ་ཟད། བསམ་འཆར་དང་གྲོས་གཞི་བཏོན།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣས་བསམ་བློའི་ངོས་ཟིན་ཇེ་མཐོར་གཏོང་བ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། འབྲེལ་འདྲིས་མི་སྣ་དང་མང་ཚོགས་ཀྱི་བརྩོན་སེམས་དང་གསར་གཏོད་རང་བཞིན། རང་འགུལ་ནུས་པ་ཆེར་སྐྱེད་པ་དང་འདོན་སྤེལ་བྱས་ནས། བྱ་བར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས། ཁྱད་ཆོས་དགེ་མཚན་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་གྱིས་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས། བརྟག་བཤེར་ཞིབ་འཇུག་ལ་ཤུགས་སྣོན་པ་དང་བློ་འདོན་ཇུས་འབུལ་བཟང་བོ་བྱེད་དགོས། རང་འགུལ་གྱིས་ཁག་ཁུར་འབད་འཐབ་བྱེད་པ་དང་། ཐབས་ལམ་མང་པོས་རྒྱ་ཆེའི་ཁོངས་མི་དང་འབྲེལ་འདྲེས་བྱས་པའི་མང་ཚོགས་ལ་སྲོལ་ཡིག་གི་ནང་དོན་དང་དོན་སྙིང་དྲིལ་སྒྲོག་བྱས་ཏེ། སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་དགོས། དེ་དང་མཉམ་དུ། དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་ཁྲོད་ཀྱི་ཆེད་མཁས་པ་དང་རིག་གནས་པར་རྒྱབ་སྐྱོར་དང་སྐུལ་སློང་བྱེད་པ་དང་། རང་སྟེང་གི་ཆེད་ལས་ཁྱབ་ཁོངས་ཀྱི་ཤེས་བྱ་དང་ཉམས་མྱོང་ལ་རྒྱབ་རྟེན་ནས། སྲོལ་ཡིག་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་སྒྲིག་སྲོལ་སྒྲིག་བཟོ་བྱེད་པའི་ཐད་རིན་ཐང་ཡོད་པའི་ཆེད་ལས་ཀྱི་ལྟ་ཚུལ་འདོན་སྤྲོད་བྱེད་པ་དང་། སྲོལ་ཡིག་ལ་ཚན་རིག་རང་བཞིན་དང་སྤྱོད་ཆོག་རང་བཞིན་ལྡན་པར་རོགས་འདེགས་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།