ཏིང་ཞུའེ་ཞང་གིས་ཐེན་ཅིན་དུ་རྟོག་ཞིབ་མཛད།
2024.07.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ7པའི་ཚེས3ཉིན་ནས་ཚེས4ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་ཐེན་ཅིན་དུ་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་གྱིས་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དཔུང་སྐྱོད་དུང་བརྡ་བསྒྲགས་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལོ་བཅུར་གྲི་གཅིག་རྡར་བའི་ཆོད་སེམས་བརྟན་པོ་དང་བློ་རྩ་བརྟན་པོར་བརྟེན་ནས། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མྱུར་དུ་མངོན་འགྱུར་བྱེད་དགོས།

ཏིང་ཞུའེ་ཞང་རྒྱལ་ཁབ་རིམ་འདས་རྩིས་རྒྱག་ཐེན་ཅིན་ལྟེ་གནས་དང་ཀྲུང་གོ་ཚན་རིག་གླིང་ཐེན་ཅིན་བཟོ་ལས་སྐྱེ་དངོས་ལག་རྩལ་ཞིབ་འཇུག་ཁང་། ཐེན་ཅིན་སློབ་ཆེན་བཅས་ལ་སོང་ནས། རྨང་གཞི་ཞིབ་འཇུག་དང་ཚན་རིག་སློབ་གསོ་མཉམ་བསྲེས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོང་གིས་ནན་གྱིས་བསྟན་དོན། གདོད་མའི་གསར་གཏོད་ནུས་པ་མཐོར་འདེགས་གཏོང་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་ནས། རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེར་གཏོང་དགོས། རྣམ་པ་གསར་བའི་རྒྱལ་ཡོངས་སྒྲིག་གཞིའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། གནད་འགག་སྲོག་ཤིང་ལག་རྩལ་མྱུར་དུ་འགག་གཏོར་བྱེད་དགོས། ཚན་རིག་སློབ་གསོའི་མཉམ་ལས་མི་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སློབ་གསོ་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད། འཇོན་མི་སྐྱེད་སྲིང་གི་འཁོར་རྒྱུག་བཟང་བོ་གྲུབ་པར་སྐུལ་འདེད་གཏོང་དགོས། ཁོང་གིས་ཚན་རིག་ཞིབ་འཇུག་མི་སྣས་ཚན་རིག་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། གནད་འགག་ཚན་རྩལ་གནད་དོན་ཐག་གཅོད་པའི་ཐད་ནས་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་སྐུལ་སློང་བཏང་།

ཏིང་ཞུའེ་ཞང་ཀྲུང་གོ་རླངས་འཁོར་ལག་རྩལ་ཞིབ་འཇུག་ལྟེ་གནས་ཚད་ཡོད་ཀུང་ཟི་དང་ཧྥེ་ཐིན་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་ཟི། ཧྲིན་ཀྲི་ལན་རྒྱ་མཚོའི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟི་བཅས་ལ་སོང་ནས། ཁེ་ལས་ཀྱི་རང་བདག་གསར་གཏོད་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོང་གིས་བསྟན་དོན། སྤུས་ཚད་མཐོ་བའི་ཚན་རྩལ་མཁོ་འདོན་ཇེ་མང་དུ་གཏོང་བ་དང་ཁེ་ལས་ཚན་རྩལ་གསར་གཏོད་ཀྱི་གཙོ་གཞི་གོ་གནས་ཇེ་དྲག་ཏུ་གཏོང་བ། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་བྱ་བ་དམ་འཛིན་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་དགོས།

ཏིང་ཞུའེ་ཞང་ད་དུང་རྒྱལ་ཁབ་དཔྱ་ཁྲལ་སྤྱི་ཁྱབ་ཅུའུ་ཐེན་ཅིན་གྲོང་ཁྱེར་ཧི་པེ་ཆུའུ་ཁྲལ་དོན་ཅུའུ་རུ་སོང་ནས། ཁྲལ་དངུལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། གཞི་རིམ་ཁྲལ་དོན་ལས་བྱེད་པར་འཚམས་འདྲི་བྱས། ཁོང་གིས་ནན་གྱིས་བསྟན་དོན། ཁྲལ་བསྡུ་ཞབས་ཞུ་ལེགས་བསྒྱུར་བྱེད་པ་དང་། ཁྲལ་དངུལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ཏེ། ཁེ་ལས་དང་མང་ཚོགས་ལ་ཁྲལ་བསྡུ་ཁོར་ཡུག་བཟང་བོ་བསྐྲུན་པ་དང་། རིགས་མི་འདྲ་བའི་ཚོང་གཉེར་གཙོ་གཞི་བརྟན་འཇགས་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་མེན་ཨར་འབྲེལ་ཡོད་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།