ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་བྱ་བའི་ཚོགས་འདུ་བསྡུས།
2024.07.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

ཟླ7ཚེས5ཉིན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་བྱ་བའི་ཚོགས་འདུ་བསྡུས། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་སྤྱི་བདེ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་།  རྒྱལ་ཡོངས་ཀྱི་སྤྱི་བདེ་བྱ་བའི་ཚོགས་འདུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། འདས་ཟིན་པའི་ལོ་ལྔའི་བྱ་བར་སྤྱི་སྡོམ་དང་ད་ལྟའི་གནས་བབ་གསར་པ་དང་འགྲན་སློང་གསར་པར་དབྱེ་ཞིབ་བྱས་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་མཚོ་སྔོན་གྱི་སྤྱི་བདེ་བྱ་བ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་གཙོ་གནད་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།  ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་བྱ་བའི་ཐད་བླང་བྱ་བཏོན་པ་དང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཉམ་དུ་ཚོགས་ཞུགས་འཐུས་མི་དང་ཐུག་འཕྲད་བྱས།

ཁྲིན་ཀང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་ལ་ཉེ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་དང་མཚོ་སྔོན་མི་དམངས་ལ་ཐུགས་ཁུར་དང་གཅེས་སེམས་ཆེན་པོ་གནང་བཞིན་པ་གང་ལེགས་ཀྱིས་མཚོན་པས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པར་སྐུལ་ལྕག་ཆེན་པོ་ཐེབས།  བདེ་འཇགས་ནི་དམངས་ཚིས་གལ་ཆེན་ཞིག་ཡིན་ལ་ཆེས་རྩ་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཀྱང་ཡིན།  ན་ནིང་ནས་བཟུང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དང་ལས་བཀུར་ལེགས་སྐྱེས་ཕུལ་བ་བཅས་ཀྱིས་དུས་བདེའི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་ཕན་འབྲས་མངོན་གསལ་བླངས་པ་དང་།  མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཀྱི་ཚོར་སེམས་དང་བློ་ཡིད་ཚིམ་ཚད་ལ་མཐོར་འདེགས་གསར་པ་བྱུང་ཡོད།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ། སྤྱི་བདེའི་བྱ་བ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།“ཞིན་ཅང་དང་བོད་བརྟན་འཇགས”གྱི་དམིགས་བསལ་ཞིང་ཆེན་གྱི་གནས་ཚུལ་ལ་རྐང་བཙུགས་ནས། དུས་བདེའི་མཚོ་སྔོན་གྱི“གཅིག་ཅན་བཅུའི”བྱ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཧྥུན་ཆའོ་ཉམས་མྱོང་གི་མཚོ་སྔོན་གྱི་ལག་ལེན་གསར་བར་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བདེ་འཇགས་དང་བརྟན་འཇགས་ཀྱི་ཆབ་སྲིད་ཁོར་ཡུག་ཅིག་བསྐྲུན་དགོས།

ཚོགས་འདུ་ལས་སྐྱོད་ལམ་གསར་པའི་མཚོ་སྔོན་གྱི་སྤྱི་བདེའི་བྱ་བའི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་ཡི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་དམངས་དཀྱིལ་སྙིང་དུ་འཛིན་པ་མཐའ་འཁྱོངས་དང་།  བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆབ་སྲིད་ཀྱིས་ཉེན་རྟོག་འཛུགས་སྐྲུན་དང་། བཅོས་སྒྱུར་གྱིས་ཉེན་རྟོག་སྟོབས་ཆེར་གཏོང་བ། ཚན་རྩལ་གྱིས་ཉེན་རྟོག་དར་རྒྱས་གཏོང་བ། ཉེན་རྟོག་ནན་སྐྱོང་དང་གཟིགས་སྐྱོང་བཅས་རྒྱུན་འཁྱོངས་བྱས་ཏེ། དེང་རབས་ཀྱི་ཉེན་རྟོག་པའི་འདུ་ཤེས་གསར་གཏོད་བྱེད་པར་སྣེ་ཁྲིད་བྱེད་པ་དང་།  མཐུན་སྦྱོར་ནུས་ལྡན་གྱི་ཉེན་རྟོག་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སྒུལ་ཤུགས་སུ་བྱེད་པ།  ཁྲིམས་སྐྱོང་ཅན་དང་ཆ་འཕྲིན་ཅན་མཉམ་འདྲེས་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་བྱས་ནས། “ལས་བྱེད་པས་སྒྲུབ་དགོས་པ་དང་རིག་ལམ་གསལ་དགོས་པ། རང་གཅུན་ནན་ནན་དགོས་པ ”བཅས་ཁྲིད་སྟོན་དུ་བྱས་ཏེ།“ཉེན་ཁ་སྔོན་འགོག་དང་མངོན་མེད་རྐྱེན་ངན་སེལ་བ། གྱོད་གཞི་ཉུང་གཏོང་། བདེ་འཇགས་འགན་སྲུང་”བཅས་ཀྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་ཏུ་གཏོང་རྒྱུ་དམ་འཛིན་བྱས་ཏེ། སྤྱི་བདེའི་བྱ་བ་དེང་རབས་ཅན་དུ་འགྱུར་བར་ཧུར་ཐག་གིས་སྐུལ་འདེད་ གཏོང་བ་དང་། སྤུས་ཚད་གསར་པའི་སྤྱི་བདེའི་འཐབ་འཛིང་ནུས་ཤུགས་མྱུར་དུ་ཆགས་པར་བྱས་ནས།  རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་།  མི་དམངས་ཀྱི་བདེ་སྐྱིད་དང་བདེ་འཇགས་སྲུང་སྐྱོང་བཅས་ཀྱི་བླ་ན་མེད་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་དགོས་པའི་བླང་བྱ་བཏོན།

ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཚོགས་འདུར་ཞུགས་པའི་འཐུས་མི་དང་བྱམས་བརྩེའི་ངང་ཐུག་འཕྲད་བྱེད་སྐབས་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་་མ་ཟད།ཚང་མར་འགན་འཁུར་ཕོད་པ་དང་བྱ་སྤྱོད་སྤེལ་མཁས་པོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པར་ཡང་བསྐྱར་བྱས་རྗེས་གསར་པ་འཇོག་དགོས་པའི་སྐུལ་མ་བཏང་།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་དང་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡཱ་ཚོགས་འདུར་ཞུགས་ནས་ཐུག་འཕྲད་བྱས།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥུན་ཐུགས་འཕྲད་ལ་ཞུགས།

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་ཨུ་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས། ཞིང་ཆེན་དམག་ཁུལ། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་འགན་འཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་སྤྱི་བདེ་ཅུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྤྱི་བདེ་ཐིན་གྱི་མགོ་ཁྲིད་ཚན་པའི་ཁོངས་མི། ཞིང་ཆེན་སྤྱི་བདེ་ཐིན་ཁོངས་གཏོགས་ཀྱི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།

གཡང་འབུམ་རྒྱལ་གྱིས་བསྒྱུར།