ཞི་ཅིན་ཕིང་དང་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་རྣམ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
2024.07.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ས་དེའི་ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་རྣམ་གཉིས་ཀྱིས་ཏུའུ་ཧྲང་པེ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ས་དེའི་ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་རྣམ་གཉིས་ཀྱིས་ཏུའུ་ཧྲང་པེ་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་ནས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ལྔའི་རྗེས་སུ་ཡང་བསྐྱར་ཐཱ་ཅི་ཁི་སི་ཐན་དུ་རྒྱལ་དོན་འཚམས་འདྲི་བྱས་པ་དང་། ང་རང་གིས་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྤུན་ཟླ་ལྟ་བུའི་མཛའ་བརྩེ་ཟབ་མོ་ཡང་མྱོང་ཐུབ་པ་བྱུང་སོང་། ད་སོ་མ་བདག་དང་ཙུང་ཐུང་ལཱ་ཧི་མིན་གཉིས་ཀྱིས་ནང་དོན་ཕུན་སུམ་ཚོགས་ཤིང་གྲུབ་འབྲས་གཡུར་དུ་ཟ་བའི་གྲོས་མོལ་བྱས། ང་ཚོས་མཉམ་དུ་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དུས་རབས་གསར་བའི་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་པ་དང་། སྔར་ལས་མཐོ་བའི་ལམ་ཐིག་སྟེང་ལག་རྡང་སྦྲེལ་ནས་དུས་རབས་མཛའ་མཐུན་དང་དཀའ་སྡུག་མཉམ་མྱོང་། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་གཅིག་གྱུར་ཆོད་དོན་སྤེལ། ང་ཚོས་སྲིད་གཞུང་བར་དང་སྡེ་ཁག་བར་གྱི་ཡིག་ཆ་ཉི་ཤུ་ལྷག་བརྗེ་སྤོར་བྱེད་པར་བདེན་དཔང་བྱས་པ་དང་། དེ་དག་དཔལ་འབྱོར་ཉོ་ཚོང་དང་གཅིག་འབྲེལ་གཅིག་བསྟེན། གཏེར་ཐོན། བདེ་འཇགས། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་འབྲེལ་ཡོད། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་འབྲེལ་བར་གཏན་གནས་གསར་བ་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་མདུན་ལྗོངས་གསར་བ་བསྐྲུན་ཡོད། བདག་གིས་ཙུང་ཐུང་ལཱ་ཧི་མིན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛའ་མཐུན་གཟེངས་རྟགས་བྱིན་ནས། ཙུང་ཐུང་ལཱ་ཧི་མིན་གྱིས་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕུལ་དུ་བྱུང་བའི་བྱས་རྗེས་བཞག་པར་གཟེངས་བསྟོད་བྱས་ཡོད། དེ་ནི་ཀྲུང་གོ་ཕྱོགས་ཀྱིས་ཐོག་དང་པོར་རྒྱལ་ཁབ་གཞན་པ་ལས་གཟེངས་རྟགས་སྟེར་བའི་མཛད་སྒོ་སྤེལ་བ་ཡིན་ལ། དེ་ལས་ཀྲུང་གོའི་མི་དམངས་ཀྱིས་ཙུང་ཐུང་ལཱ་ཧི་མིན་དང་ཐཱ་ཅི་ཁི་སི་ཐན་གྱི་མི་དམངས་ཡོངས་ལ་བརྩེ་བ་ཟབ་མོ་བཅངས་ཡོད་པ་མངོན་པར་མཚོན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་སྔར་བཞིན་དུ་མཛའ་མཐུན་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཕན་ཚུན་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་ཞུགས་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཤིང་། རང་རང་གི་རྒྱལ་ཁབ་བདག་དབང་དང་སྒེར་ཚུགས། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་སྲུང་སྐྱོབ་བྱེད་དགོས། རྒྱལ་སྤྱིའི་གནས་བབ་ལ་ཇི་ལྟར་འགྱུར་ལྡོག་བྱུང་ཡང་། ཀྲུང་གོ་ནི་དུས་གཏན་དུ་ཐཱ་ཅི་ཁི་སི་ཐན་གྱི་བློ་གཏོད་རུང་བའི་གྲོགས་པོ་དང་འབྲེལ་བ་ཟབ་པའི་སྤུན་ཟླ་ཡིན། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་ཏེ་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་དེ་གཙོ་ཐིག་ཏུ་བཟུང་སྟེ། ཕྱོགས་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། རང་རང་གི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རོགས་འདེགས་བྱེད་རྒྱུ་ཐག་བཅད། ཀྲུང་གོ་ཕྱོགས་ཀྱིས་ཐཱ་ཅི་ཁི་སི་ཐན་གྱི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་ཚད་ཇེ་ཆེར་བཏང་སྟེ། རྒྱུན་ཆད་མེད་པར་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་སྤུས་ཚད་དང་གཞི་རྒྱ་མཐོར་འདེགས་བྱེད་འདོད་ཡོད། བསྟུད་མར་གཅིག་འབྲེལ་གཅིག་བསྟེན་གྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་ཐཱ་ཅི་ཁི་སི་ཐན་གྱིས་སྔར་ལས་ལྷག་པའི་མངའ་ཁོངས་བརྒལ་བའི་སྐྱེལ་འདྲེན་སྦས་ཤུགས་སྔོག་འདོན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། གཏེར་ཁའི་ཐོན་ཁུངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཞིང་ལས་མཉམ་ལས་ཆུ་ཚད་མཐོར་འདེགས་བྱས་ཏེ། ནུས་ཁུངས་གསར་བ་དང་གཞི་གྲངས་དཔལ་འབྱོར། མིས་བཟོས་རིག་ནུས། གློག་རྡུལ་ཚོང་དོན་སོགས་ཐོན་སྐྱེད་ནུས་ཤུགས་གསར་མའི་མཉམ་ལས་འཕར་གནས་གསར་གཏོད་བྱེད་དགོས། ཕྱོགས་གཉིས་ཀྱིས་མི་གཞུང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་དུས་རབས་མཛའ་བརྩེའི་དམངས་ཀྱི་འདོད་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ལ། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་སྨན་རྫས་ལྟེ་གནས་དང་ལུའུ་པན་བཟོ་རྩལ་ཁང་སོགས་ཀྱི་སྟེགས་བུ་བཀོལ་ནས། ཕན་ཚུན་གྱི་རྒྱལ་ཁབ་ནས་རིག་གནས་ལྟེ་གནས་འཛུགས་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ན་གཞོན་དང་སྨྱན་བྱད། རིག་མཛོད། བུད་མེད། སློབ་གསོ་སོགས་ཁྱབ་ཁོངས་ནས་སྔར་ལས་མང་བའི་བརྗེ་རེས་སྤེལ་བར་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་ཕྱོགས་གསུམ་སྟོབས་ཤུགས་ལ་ཆམ་ཕབ་དྲག་པོ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས། ལངས་ཕྱོགས་གསལ་བོས་ཕྱོགས་གསུམ་པས་རྒྱལ་ཁབ་གཉིས་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་དང་། མཉམ་དུ་ས་ཁུལ་རང་གི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་ཡོད། ཕྱོགས་གཉིས་ཀྱིས་ཨ་ཧྥུའུ་ཧན་གྱི་གནད་དོན་ཐད་ནས་མུ་མཐུད་དུ་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ་དང་། མཉམ་དུ་ཨ་ཧྥུའུ་ཧན་གྱི་རྐྱེན་སྲོལ་མཉམ་ལས་ལ་ཞུགས་ནས། ཨ་ཧྥུའུ་ཧན་གྱི་གནས་སྐབས་སྲིད་གཞུང་གིས་དཀྱེལ་ཡངས་ཀྱི་སྲིད་གཞུང་འཛུགས་པ་དང་། འཕེལ་རྒྱས་གཙོར་བཟུང་ནས་དམངས་འཚོ་ལེགས་བཅོས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་འཇིགས་སྐུལ་ལ་འབྲེལ་བའི་ནག་ཉེས་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཆམ་ཕབ་བཏང་ནས་ཁྱིམ་མཚེས་མཛའ་མཐུན་ལག་བསྟར་བྱེད་དགོས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་མཉམ་ལས་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། དངོས་གཉེར་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། རྒྱུན་ཆད་མེད་པར་ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་རྐྱེན་སྲོལ་ལེགས་བསྒྱུར་བྱེད་དགོས། ཀྲུང་གོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་བླངས་པ་དང་། སང་ལོར་ཀྲུང་གོ་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྤེལ་རྒྱུ་ཡིན། ཙུང་ཐུང་ལཱ་ཧི་མིན་ཀྲུང་གོར་ཡོང་ནས་གྲོས་ཚོགས་ལ་ཞུགས་ཏེ་མཉམ་དུ་རྩ་འཛུགས་དེའི་འཕེལ་རྒྱས་ཇུས་ཆེན་ལ་གྲོས་བསྡུར་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་འཕེལ་རིམ་ཇེ་མགྱོགས་སུ་འགྲོ་བའི་གནས་ཚུལ་འོག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་པའི་གལ་ཆེན་རང་བཞིན་སྔར་ལས་འབུར་ཐོན་དུ་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་བཏང་སྟེ། ཐཱ་ཅི་ཁི་སི་ཐན་དང་མཉམ་དུ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་འདོན་དང་། འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་འདོན། འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་བཅས་ལག་བསྟར་བཟང་བོ་བྱས་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལས་དོན་ཐད་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་སྟོབས་ཤུགས་འབུལ་འདོད་ཡོད་ཅེས་གསུངས།

ལཱ་ཧི་མིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐཱ་ཅི་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་མཛད་པ་ནི་ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཞིང་། ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོའི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་གསར་བ་ཁ་སྣོན་བྱས་ཡོད། ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་མཛའ་མཐུན་གྲོགས་པོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱུས་ལོན་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བྱེད་པ་བཅས་རྨང་གཞིར་བྱས་ཡོད། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་དང་གཡུར་དུ་ཟ་བའི་མཉམ་ལས་གྲུབ་འབྲས་ལ་ཡིད་ཚིམས་པའི་ཚུལ་བསྟན་ཡོད་པར་མ་ཟད། མ་འོངས་པའི་འབྲེལ་བའི་འཕེལ་རྒྱས་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཀོད་ཡོད། ང་ཚོས་མཉམ་དུས་བརྗེ་སྤོར་བྱས་པའི་མཉམ་ལས་གྲོས་མཐུན་གལ་ཆེན་རབ་དང་རིམ་པར་བདེན་དཔང་བྱས་པ་དང་། ཤུགས་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན། སྔར་ལས་མང་བའི་ཀྲུང་གོའི་ཁེ་ལས་ཐཱ་ཅི་ཁི་སི་ཐན་དུ་འབྱོར་ནས་མ་དངུལ་བཏང་སྟེ། ཐཱ་ཅི་ཁི་སི་ཐན་གྱིས་བཟོ་ལས་ཅན་དང་དེང་རབས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བར་རམས་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕྱོགས་གསུམ་སྟོབས་ཤུགས་ལ་ཆམ་ཕབ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་ཞི་བདེ་ལ་དགའ་བའི་རྒྱལ་ཁབ་གཉིས་ཡིན་པ་དང་། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་རྐྱེན་སྲོལ་ནང་གི་འབྲེལ་འདྲིས་རོགས་ལས་ཇེ་ཟབ་ཏུ་བཏང་སྟེ། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་གལ་ཆེན་འཇོག་འདོད་ཡོད། ང་ཚོས་ཀྲུང་གོ་མུ་མཐུད་དུ་དར་རྒྱས་སྟོབས་འབྱོར་གྱི་ཕྱོགས་སུ་འཕེལ་རྒྱས་འབྱུང་བར་བདེན་དཔང་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཚའེ་ཆི་དང་ཝང་དབྱེ་གོང་གི་བྱ་འགུལ་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།