ཧན་ཀྲིན་འཛམ་གླིང་ཞི་བདེ་གླེང་སྟེགས་སྐབས་བཅུ་གཉིས་པའི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
2024.07.07 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 29

ཟླ7ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཆིན་ཧྭ་སློབ་གྲྭ་ཆེན་མོའི་ནང་འཛམ་གླིང་ཞི་བདེ་གླེང་སྟེགས་སྐབས་བཅུ་གཉིས་པའི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

ཧན་ཀྲིན་གྱིས་དེང་སྐབས་འཛམ་གླིང་དུ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཞིག་མགྱོགས་མྱུར་སྒོས་འབྱུང་བཞིན་ཡོད་པ་རེད། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་། “གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ”ཀྱི་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པའི་ངོས་ནས། འཛམ་གླིང་གི་འགྱུར་ལྡོག་ཆེན་མོའི་ཁྲོད་དྲང་བདེན་གྱི་ལམ་བུ་བརྟན་སྲུང་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་འདུ་ཤེས་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འདོན་ཡི་གེ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འདོན་ཡི་གེ གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འདོན་ཡི་གེ་བཅས་བཏོན་ནས་འཛམ་གླིང་གི་རྒྱལ་ཁབ་སོ་སོས་ལག་རྡང་སྦྲེལ་ཏེ་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་ཁོང་ཡངས། དག་གཙང་མཛེས་སྡུག་གི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཧན་ཀྲིན་གྱིས་གྲོས་འདོན་ཡི་གེ་གསུམ་བཏོན་པ་སྟེ། གཅིག་ནི་ཞི་བདེ་མཉམ་གནས་རྒྱུན་འཁྱོངས་བྱེད་རྒྱུ་དེ་རེད། ད་ལོ་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བཏོན་ནས་ལོ70འཁོར་བའི་ལོ་རེད། ཀྲུང་གོས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་ཞི་བདེ་ལ་བརྟན་འཇགས་རང་བཞིན་དང་གཏན་འཁེལ་རང་བཞིན་སྔར་ལས་མང་པོ་སྣོན་རྒྱུ་ཡིན། གཉིས་ནི་ཐུན་མོང་གི་བདེ་འཇགས་དར་སྤེལ་གཏོང་དགོས། ཀྲུང་གོས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་དར་སྤེལ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་གླེང་གཞི་ཆེན་མོའི་གནད་དོན་ཐག་གཅོད་བྱེད་པའི་བགྲོད་ལམ་ཧུར་ཐག་གིས་འཚོལ་ཞིབ་དང་ལག་བསྟར་བྱས་ནས་འབད་བརྩོན་ཆེན་པོས་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་དཀའ་གནད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་བདེ་འཇགས་ཀྱི་མཚལ་ཡིག་སེལ་ནས་མིའི་རིགས་ཐུན་མོང་གི་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། གསུམ་ནི་སྒོ་འབྱེད་ཁོང་ཡངས་ལ་སྐུལ་འདེད་གཏོང་དགོས། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱལ་ཁབ་སོ་སོས་སྒོ་འབྱེད་ཁོང་ཡངས་ཀྱི་འདུ་ཤེས་འཛིན་དགོས། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་མཉམ་དུ་གྲོས་མོལ་དང་། མཉམ་དུ་འཛུགས་སྐྲུན། མཉམ་དུ་ལོངས་སྤྱོད་བྱེད་པ་བཅས་ཀྱི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་ལྟ་བ་ལག་བསྟར་བྱས་ཏེ། མཉམ་ལས་ལམ་སྲོལ་དང་། འདུ་ཤེས། སྲིད་ཇུས་ཀྱི་སྒོ་འབྱེད་རང་བཞིན་དང་ཁོང་ཡངས་རང་བཞིན་ཆེས་ཆེར་བཏང་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད།

ཧན་ཀྲིན་གྱིས་ཀྲུང་ཧྭ་མི་རིགས་ནི་ཞི་བདེར་དགའ་བའི་མི་རིགས་ཤིག་ཡིན་པ་དང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་འཛུགས་སྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན། མིའི་རིགས་ཀྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་མཁན་གྱི་སྟོབས་ཤུགས་གཙོ་བོ་ཞིག་ཡིན། ཚོགས་ཞུགས་ཕྱོགས་ཁག་སོ་སོས་བརྗེ་རེས་གང་ལེགས་བྱེད་པ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ཏེ། གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་བདེ་འཇགས་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་བྱེད་བཞིན་ཡོད་པར་བསྟན།

སྐབས་འདིའི་གླེང་སྟེགས་ཀྱིས“གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་འཐུས་ཚང་དུ་གཏོང་རྒྱུ་སྟེ། དྲང་བདེན་ལ་སྲུང་སྐྱོབ་དང་། མཐུན་སྒྲིལ་ལ་སྐུལ་འདེད། མཉམ་ལས་དོན་གཉེར”བརྗོད་བྱ་བྱས་ཏེ། ཕྱི་རྒྱལ་གྱི་སྲིད་ཕྱོགས་ཀྱི་མི་སྣ་གཙོ་བོ་དང་། ཀྲུང་གོར་སྡོད་པའི་གཞུང་ཚབ་པ། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཆེད་མཁས་པ་སོགས་མི400ཙམ་ཚོགས་འདུར་ཞུགས་ཡོད།

ཚེ་རིང་སྒྲོལ་མས་བསྒྱུར།