ཞི་ཅིན་ཕིང་གིས་དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞེ་ཆི་དབྱང་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2024.07.07 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 25

ཟླ7ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕའེ་ཙེ་ཞེ་ཆི་དབྱང་ལ་གློག་འཕྲིན་བཏང་ནས་ཁོ་རང་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་དབྱི་ལིང་བར་གྱི་མཛའ་མཐུན་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་འཇགས་ངང་འཕེལ་རྒྱས་བྱུང་ཡོད། སྣེ་མང་རྙོག་འཛིང་ཆེ་བའི་ས་ཁུལ་དང་རྒྱལ་སྤྱིའི་གནས་བབ་ལ་ཁ་གཏད་དེ། ཀྲུང་གོ་དང་དབྱི་ལིང་གིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་འཕྱར་བ་གྲུ་འདེགས་བྱས་ནས་འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་བཏང་བ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་ཆེན་པོ་བཏང་བ་མ་ཟད། ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཐད་འབྲེལ་འདྲིས་དང་མཐུན་སྦྱོར་ཡག་པོ་བྱས་ཏེ། ཀྲུང་གོ་དང་དབྱི་ལིང་གི་མི་དམངས་ལ་བདེ་སྐྱིད་སྐྲུན་ཞིང་། ས་ཁུལ་དང་འཛམ་གླིང་ཞི་བདེ་དང་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་བྱས་རྗེས་ཀྱང་བཞག་ཡོད། ངས་ཀྲུང་གོ་དང་དབྱི་ལིང་གི་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་ཆེན་པོ་བྱེད་བཞིན་ཡོད་པ་དང་། སྐུ་ཞབས་ཙུང་ཐུང་དང་མཉམ་དུ་ཀྲུང་གོ་དང་དབྱི་ལིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བར་སྣེ་ཁྲིད་བྱེད་འདོད་ཡོད་ཅེས་གསུངས།

ཚེ་རིང་སྒྲོལ་མས་བསྒྱུར།