ཞི་ཅིན་ཕིང་གིས་ཐཱ་ཅི་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་མཛད་ཚར་རྗེས་ཆེད་གཏོང་གནམ་གྲུ་ལ་བསྡད་ནས་ཏུའུ་ཧྲང་པེ་དང་ཁ་བྲལ།
2024.07.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ས་དེའི་དུས་ཚོད་ཟླ7པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐཱ་ཅི་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་མཛད་ཚར་རྗེས་ཆེད་བཏང་གནམ་གྲུར་བཞུགས་ནས་ཏུའུ་ཧྲང་པེ་དང་ཁ་བྲལ་ནས་ཕྱིར་རང་རྒྱལ་དུ་ལོག

ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་གྱིས་གྲོས་ཁང་གོང་མའི་གྲོས་དཔོན་ནམ་ཏུའུ་ཧྲང་པེ་ཡི་ཧྲི་ཀྲང་ལུའུ་སི་ཐཱ་མུའུ་དང་། ཕྱི་འབྲེལ་པུའུ་ཀྲང་མུའུ་ཧི་ལིས་ཏིང་ཁྲིད་དེ་གནམ་གྲུ་ཐང་དུ་སོང་ནས་སྐྱེལ་མ་ཞུས།

ལཱ་ཧི་མིན་གྱིས་ཞི་ཅིན་ཕིང་ལ2014ལོའི་ཚུན་དུ་ཐཱ་ཅི་ཁི་སི་ཐན་ལ་ཐེངས་གསུམ་ལ་འཚམས་འདྲི་མཛད་པའི་འདྲ་པར་ཉར་དེབ་རྩ་ཆེན་ལེགས་སྐྱེས་སུ་ཕུལ་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐཱ་ཅི་ཁི་སི་ཐན་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་མཛད་པའི་ཐད་ནས་རྒྱལ་ཁ་ཐོབ་པར་ཡང་བསྐྱར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་འཚམས་འདྲིའི་སྐབས་སུ། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ལོ་རྒྱུས་རང་བཞིན་གྱི་གྲོས་མོལ་མཛད་པ་དང་། དེས་མ་འོངས་པའི་དུས་ཡུན་རིང་པོ་ཞིག་གི་རིང་ལ་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་དུས་རབས་གསར་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་ཐུབ། ངས་ཙུང་ཐུང་ལཱ་ཧི་མིན་དང་མཉམ་དུ། མུ་མཐུད་དུ་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་འབྲེལ་བའི་ཐད་ནས་འོད་སྟོང་འབར་བའི་མ་འོངས་པ་བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

གནམ་གྲུ་ཐང་དུ་བསྐྱོད་པའི་ལམ་བར་དུ། ས་དེའི་ཕྱིར་སྡོད་རང་མི་དང་ཀྲུང་གོའི་དངུལ་གཏོང་ལས་ཁུངས་ཀྱི་འཐུས་ཚབ་པས་གཞུང་ལམ་འགྲམ་གཉིས་སུ་ལངས་ནས་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐཱ་ཅི་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་མཛད་པ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས།

ཚའེ་ཆི་དང་ཝང་དབྱི་སོགས་འགྲོ་རོགས་མི་སྣ་གནམ་གྲུ་གཅིག་ལ་བསྡད་དེ་མཉམ་དུ་ཕྱིར་རང་རྒྱལ་དུ་ལོག

རིན་ཆེན་མཚོས་བསྒྱུར།