ཟླ7པའི་ཚེས5ནས་ཚེས6ཉིན་བར། རྒྱལ་ཡོངས་ཤར་ནུབ་རྒྱུད་མཉམ་ལས་དང་ཀྲུང་དབྱང་ལས་ཁུངས་ཀྱི་དམིགས་འཛུགས་རོགས་སྐྱོར་བྱ་བའི་སྐུལ་སྤེལ་གྲོས་ཚོགས་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བླང་བྱ་དངོས་འབེབས་བྱས་ནས། བྱ་བ་གཙོ་བོར་བཀོད་སྒྲིག་བྱས། ཞིང་ལས་ཞིང་སྡེ་པུའུ་ཡི་ཏང་ཙུའུ་ཁོངས་མི། པུའུ་ཀྲང་གཞོན་པ་ཝུའུ་ཧུང་ཡའོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྲོས་ཚོགས་ལ་ཞུགས་པར་མ་ཟད་གནས་ཚུལ་ངོ་སྤྲོད་བྱས།
གྲོས་ཚོགས་སྟེང་བསྟན་དོན། བར་བརྒལ་དུས་རིམ་ཚུན་ལ། འབྲེལ་ཡོད་ཞིང་ཆེན་དང་ཀྲུང་དབྱང་ལས་ཁུངས་ཀྱིས་རོགས་སྐྱོར་འགན་འཁྲི་དངོས་འབེབས་བྱས་ཤིང་། རོགས་སྐྱོར་ཐབས་ལམ་གསར་གཏོད་བྱས་པ་དང་། རོགས་སྐྱོར་ནུས་ཤུགས་བརྟན་ཞིང་འཕེལ་བར་མཉམ་ལས་བྱས་ཏེ། འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ཤིང་ཕན་འབྲས་མངོན་གསལ་བླངས་ཡོད།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་གནས་ཚུལ་མི་འབྱུང་བ་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས། ཤར་ནུབ་རྒྱུད་མཉམ་ལས་དང་དམིགས་འཛུགས་རོགས་སྐྱོར་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་གནས་ཚུལ་མི་འབྱུང་བའི་ཚད་མཐའ་བརྟན་པོར་སྲུང་བར་རྒྱབ་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་ཅིང་། ཤར་ནུབ་རྒྱུད་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྱད་ལྡན་ཐོན་ལས་གསོ་སྤེལ་དང་ཐོན་ལས་སྡེ་ཚོགས་འཛུགས་པ། འཛད་སྤྱོད་རོགས་སྐྱོར་གྱིས་ཞིང་བའི་ཡོང་འབབ་འཕར་བར་གཞོགས་འདེགས་བྱེད་པ། ངལ་ལས་མཉམ་ལས་ཀྱིས་འགུལ་སྐྱོད་དོན་ཚན་བཞི་སྐུལ་སྤེལ་གཏོང་བ་བཅས་དམ་འཛིན་ནན་མོ་བྱེད་པ་དང་། སློབ་གསོ་་དང་སྨན་བཅོས་ཀྱི་རོགས་སྐྱོར་དམ་པོར་བཟུང་ནས། ཚན་རྩལ་དངུལ་རྩའི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས། རོགས་སྐྱོར་འགན་འཁྲི་དངོས་འབེབས་བྱེད་པ་དང་། ཀྲུང་དབྱང་ལས་ཁུངས་ཀྱི་དམིགས་འཛུགས་རོགས་སྐྱོར་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་ཞིང་། དམིགས་འཛུགས་རོགས་སྐྱོར་རྫོང་གིས་སྲིད་ཇུས་ཀྱི་བྱེད་ཐབས་དངོས་འབེབས་དང་སྲ་བརྟན། སྦྲེལ་མཐུད་བཅས་བྱེད་པར་ཁྲིད་སྟོན་དང་སྐུལ་འདེད་བཏང་སྟེ། ཐོན་ལས་འཕེལ་རྒྱས་བཏང་ཞིང་ལས་ཞུགས་ཐག་གཅོད་ལེགས་པོ་བྱེད་པ། གྲོང་གསེབ་འཛུགས་སྐྲུན་དང་བཅོས་སྐྱོང་བཅས་ལ་རོགས་རམ་བྱེད་ཅིང་། དམངས་ཚིས་དངོས་དོན་ལ་གཞིགས་ནས་རོགས་སྐྱོར་ཟབ་སྤེལ་བྱེད་པ་དང་། ཕན་འབྲས་དངོས་ཐོན་པར་རོགས་རམ་བྱེད་དགོས།
རྒྱལ་ཁབ་ནགས་རྩྭ་ཅུའུ། ཅི་ལིན་སློབ་ཆེན། ཀྲུང་གོའི་མི་དམངས་འགན་བཅོལ་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་ཟི། ཀྲུང་གོའི་རྡོ་སྣུམ་རྫས་འགྱུར་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི། བཟོ་ཞིང་ཏང་ཀྲུང་དབྱང་དང་ཅང་སུའུ་ཞིང་ཆེན། པེ་ཅིང་གྲོང་ཁྱེར། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས། མཚོ་སྔོན་ཞིང་ཆེན་བཅས་ཀྱིས་བརྗེ་རེས་གཏམ་བརྗོད་སྤེལ།
ལྷ་མོ་འཚོས་བསྒྱུར།