ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཨ་སི་ཐཱ་ནཱའི་རྩེ་ཚོགས་ལ་ཞུགས་ནས་ཧཱ་སག་སི་ཐན་དང་ཐཱ་ཅི་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་མཛད་པར་ཚུར་སྣང་ཆེན་པོ་བྱུང་བ་དང་དོན་སྙིང་གལ་ཆེན་ལྡན།
2024.07.08 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 32

2024ལོའི་ཟླ7པའི་ཚེས2ཉིན་ནས་ཚེས6ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐཱ་ནཱ་ནས་བསྡུས་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བཞི་བར་ཞུགས་པར་མ་ཟད། ཧཱ་སག་སི་ཐན་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ལ་རྒྱལ་དོན་འཚམས་འདྲི་མཛད། འགྲུལ་བཞུད་མཇུག་སྒྲིལ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཕྱི་འབྲེལ་བློན་ཆེན་ཝང་དབྱེ་ཡིས་རྗེས་འདེད་གསར་འགོད་པར་འཚམས་འདྲིའི་གནས་ཚུལ་མཚམས་སྦྱོར་བྱས།

ཝང་དབྱེ་ཡིས་བཤད་རྒྱུར། དབྱར་གཞུང་འདིར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གིས་ཨེ་ཤ་ཡཱ་དབུས་མའི་འགྲུལ་བཞུད་ཀྱི་མགོ་བརྩམས། དེ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་རྗེས་སུ་རང་རྒྱལ་གྱི་ཆེས་མཐོའི་མགོ་ཁྲིད་པས་ཡང་བསྐྱར་ཨེ་ཤ་ཡཱ་དབུས་མར་འཚམས་འདྲི་མཛད་པ་ཡིན་ཞིང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་ལ་ཁྲིད་སྟོན་དང་། ཀྲུང་གོ་དང་ས་ཁུལ་རང་གི་རྒྱལ་ཁབ་བར་གྱི་ཁྱིམ་མཚེས་མཛའ་མཐུན་ཇེ་ཟབ་ཏུ་གཏོང་བ། ཉེ་འཁོར་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཉིན5དང་ཞག4རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དཀའ་སྡུག་ལ་མ་འཛེམ་པར་བྱ་འགུལ་གལ་ཆེན30ལྷག་ལ་ཞུགས་པ་དང་། ཕྱོགས་མང་དང་ཕྱོགས་གཉིས་ཀྱི་འབྲེལ་བར་ཟུང་འབྲེལ་བྱས་ཏེ། ཆབ་སྲིད་དང་དཔལ་ཡོན། མི་གཞུང་སོགས་ཡོངས་ལ་ཁྱབ་ཡོད་པར་མ་ཟད། གྲོགས་པོ་རྙིང་བ་དང་ཞལ་བརྡ་མཛད་པར་མ་ཟད་གྲོགས་པོ་གསར་བའང་ངོ་ཤེས་ཡོད། ཧཱ་སག་སི་ཐན་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཆེས་མཐོ་བའི་ཚད་གཞི་དང་ཆེས་གཟབ་རྒྱས་ཀྱི་གུས་ལུགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲི་ཕེབས་པར་བསུ་བ་ཞུས། རྒྱལ་ཁབ་ཕྱི་ནང་གི་གླེང་ཕྱོགས་ཀྱིས་དེར་དོ་སྣང་ཆེན་པོ་བྱས་པ་དང་། དོན་དེའི་ཐད་ནས་ངོ་མཚར་བའི་ལེ་ཚན་མང་བོ་བཏང་ནས། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་འཛམ་གླིང་གྲུབ་ཚུལ་ཁྲོད་འདོན་པའི་ནུས་པ་གལ་ཆེན་མཐོར་འདེགས་བྱས་ཡོད་ལ། ཀྲུང་གོའི་ཉིན་རེ་བཞིན་ཇེ་མཐོར་འགྲོ་བཞིན་པའི་རྒྱལ་སྤྱིའི་གོ་གནས་དང་ཤུགས་རྐྱེན་ནུས་པ་མངོན་པར་མཚོན་ཡོད་པར་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མ་འོངས་པའི་འཕེལ་རྒྱས་ཐད་འཐབ་ཇུས་སྣེ་ཁྲིད་འདོན་སྤྲོད་བྱས་ཏེ། རྒྱལ་ཁབ་ཆེན་མོ་དང་ཏང་ཁག་ཆེན་མོའི་མགོ་ཁྲིད་མིག་དཔེ་དང་ཟིལ་ཤུགས་སྙན་གྲགས་མངོན་པར་མཚོན་ཡོད།

གཅིག ཧྲང་ཧེ་སྙིང་སྟོབས་དར་སྤེལ་བཏང་ནས། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ཐད་ནས་མཆོང་བརྒལ་གསར་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

ཝང་དབྱི་ཡིས་བསྟན་དོན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ནི་རང་རྒྱལ་ཐོག་མར་གསར་འཛུགས་ཁྲོད་ཞུགས་པ་དང་། རང་རྒྱལ་གྱི་གྲོང་ཁྱེར་གྱི་མིང་བཏགས་པའི་རྒྱལ་སྤྱིའི་རྩ་འཛུགས་ཡིན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ནམ་ཡང་ཧྲང་ཧེའི་སྙིང་སྟོབས་སྣེ་ཁྲིད་དུ་བྱས་པ་དང་། ཆབ་སྲིད་ཡིད་རྟོན་སྲ་བརྟན་དུ་བཏང་ལ། ཁྱིམ་མཚེས་མཛའ་མཐུན་ལ་ཤུགས་བསྣན་པ་དང་། ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་བྱས་ལ། ཁུལ་ཁོངས་མཉམ་ལས་ལ་སྐུལ་འདེད་བཏང་ནས། གྲུབ་འབྲས་ལྡན་པའི་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་བཏོད་པ་དང་། རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པའི་དཔེ་མཚོན་གྲུབ་པར་བྱས། མཉམ་ལས་རྩ་འཛུགས་བཙུགས་པའི་ལོ་ངོ་ཉེར་གསུམ་རིང་ལ། ཧྲང་ཧེ་མཉམ་ལས་རྩ་འཛུགས་དེ་ཁོངས་གཏོགས་རྒྱལ་ཁབ་དྲུག་ནས་རྒྱལ་ཁབ་ཉེར་དྲུག་གིས་གྲུབ་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་གཞི་ཆེན་པོར་རྒྱ་སྐྱེད་པ་དང་། དེང་སྐབས་འཛམ་གླིང་སྟེང་གི་ཁེབས་རྒྱ་ཆེས་ཆེ་བ་དང་མི་གྲངས་ཆེས་མང་པའི་ཁུལ་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་རྩ་འཛུགས་སུ་གྱུར་ལ། དུས་རབས་གསར་བའི་ཆ་རྐྱེན་འོག ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་འདུ་ཤེས་དང་ཧྲང་ཧེའི་སྙིང་སྟོབས་ལ་ཉིན་རེ་བཞིན་མི་སེམས་ཐོབ་པ་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཤན་ཤུགས་དང་སྐྱེ་སྟོབས། འགུག་ཤུགས་རྒྱུན་མ་ཆད་པར་ཇེ་མཐོང་སོང་།

ཀྲུའུ་ཞི་ཞི་ཅིན་ཕིང་སོ་སོར་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས་ནས་བསྟན་དོན། ལོ་བརྒྱའི་འགྱུར་ལྡོག་ཐད་ནས་མགྱོགས་མྱུར་སྒོས་འཕེལ་འགྱུར་བྱུང་བཞིན་ཡོད་པ་དང་། མིའི་རིགས་སྤྱི་ཚོགས་ཡང་བསྐྱར་བཞི་མདོར་ཐུག་ཡོད་ལ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་འགྲེང་བ་དང་། འདྲ་མཉམ་དྲང་གཞག་གི་ཕྱོགས་སུ་འགྲེང་ལ། འཛམ་གླིང་ལ་མཚོན་ན་ཧ་ཅང་གལ་ཆེ། མཐུན་སྒྲིལ་མཉམ་ལས་ནི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དུས་ཡུན་རིང་བོའི་ཉམས་མྱོང་བཟང་བོ་ཡིན་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་ས་ཁུལ་གྱི་རྒྱལ་ཁབ་སོ་སོ་དང་མཉམ་དུ། ཧྲང་ཧེའི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་གཏོང་བ་དང་། ཡང་དག་པའི་ཁ་ཕྱོགས་བརྟན་འཛིན་བྱས་ཏེ། ཧྲང་ཧེ་མཉམ་ལས་རྩ་འཛུགས་དེ་ཁོངས་གཏོགས་རྒྱལ་ཁབ་ཀྱིས་མཉམ་དུ་དར་རྒྱས་དར་སྤེལ་མངོན་འགྱུར་བྱེད་པའི་བློ་གཏད་ཆོག་པའི་འཐབ་ཇུས་ཀྱི་རྒྱབ་རྟེན་དུ་གསར་སྐྲུན་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གནས་བབ་གསར་བ་དང་འགྲན་རྩོད་གསར་བར་ཁ་ཕྱོགས་ནས། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་དགོས་པ་གསུམ་ལག་བསྟར་བྱེད་དགོས་པ་སྟེ། འཇམ་འཐབ་བསམ་བློའི་མངོན་སུམ་གྱི་འཇིགས་སྐུལ་ལ་ཁ་གཏད་དེ། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། ར་ཆུང་གྱང་མཐོའི་མངོན་སུམ་གྱི་ཉེན་ཁར་ཁ་གཏད་དེ། འཕེལ་རྒྱས་ཀྱི་དབང་ཆར་སྲུང་སྐྱོབ་བྱེད་དགོས། ཁ་བྲལ་ལ་ཐེ་གཏོགས་བྱེད་པའི་མངོན་སུམ་གྱི་འགྲན་རྩོད་ལ་ཁ་གཏད་དེ། མཐུན་སྒྲིལ་གྱི་སྟོབས་ཤུགས་སྲ་བརྟན་དུ་གཏོང་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔར་ལས་ནན་གྱིས་བསྟན་དོན། ཁོངས་གཏོགས་རྒྱལ་ཁབ་ཀྱིས་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། སོ་སྲུང་རོགས་རེས་བྱེད་པ། ཧུར་ཐག་གིས་མཐུན་སྒྲིལ་ཡིད་རྟོན་གྱི་ཐུན་མོང་གི་ཁྱིམ་གཞི་དང་ཞི་བདེ་ཞི་འཇགས་ཀྱི་ཐུན་མོང་གི་ཁྱིམ་གཞི། དར་རྒྱས་གོང་འཕེལ་གྱི་ཐུན་མོང་གི་ཁྱིམ་གཞི། ཁྱིམ་མཚེས་མཛའ་མཐུན་གྱི་ཐུན་མོང་གི་ཁྱིམ་གཞི། འདྲ་མཉམ་དྲང་གཞག་གི་ཐུན་མོང་གི་ཁྱིམ་གཞི་བཅས་འཛུགས་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེའི་ཐད་ནས་གྲོས་གཞི་རབ་དང་རིམ་པ་བཏོན་པ་དང་། ཀྲུང་གོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་ཡིན་པ་དང་། རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས། ཧྲང་ཧེའི་སྙིང་སྟོབས་ཁས་ལེན་བྱེད་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་དང་དཔུང་བ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ལ་ཕྱོགས་སོ་སོའི་ཚུར་སྣང་ཆེན་པོ་ཐོབ། ཕྱོགས་སོ་སོས་བསྟན་དོན། ཧྲང་ཧེའི་སྙིང་སྟོབས་ནི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་རྙོག་འཛིང་ས་ཁུལ་གྱི་གནས་བབ་དང་འགྲན་རྩོད་ལ་ཁ་གཏད་འཇལ་བའི་དགེ་མཚན་ཡིན་པ་དང་། ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐུན་མོང་གི་འགུལ་སྐྱོད་ཕྱོགས་སྟོན་དུ་གྱུར་ཡོད། ཕྱོགས་སོ་སོས་ཀྲུང་གོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བཞག་པའི་བྱས་རྗེས་གལ་ཆེན་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ལ་མཐུན་སྒྲིལ་བྱས་ནས་སྔར་ལས་འདྲ་མཉམ་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པའི་ཐད་འདོན་སྤེལ་བྱས་པའི་གནད་འགག་གི་ནུས་པར་གདེང་འཇོག་མཐོན་པོ་བྱས་པ་དང་། ཀྲུང་གོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་ཁུར་བར་རེ་སྒུག་ཆེན་པོ་བྱས་ཡོད།

ཝང་དབྱི་ཡིས་བཤད་རྒྱུར། རྩེ་ཚོགས་སྟེང་ཨ་སི་ཐཱ་ནའི་སྒྲོག་གཏམ་དང་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་སྒོས་འདྲ་མཉམ་འགྲིག་མཐུན་གྱི་འཛམ་གླིང་མཉམ་འཛུགས་བྱེད་པའི་སྐོར་གྱི་གྲོས་གཞི་དང་། ཁྱིམ་མཚེས་ཡིད་རྟོན་དང་གྲོགས་པོའི་འབྲེལ་བའི་རྩ་དོན་གྱི་གསལ་བསྒྲགས་དང་གྲུབ་འབྲས་ཉེར་དྲུག་གི་ཡིག་ཆ་བཅས་ལ་གྲོས་མཐུན་བྱུང་བ་དང་། དེ་དཔལ་འབྱོར་དང་དངུལ་རྩ། བདེ་འཇགས། མི་གཞུང་། རྐྱེན་སྲོལ་འཛུགས་སྐྲུན་སོགས་རྒྱ་ཆེའི་ཁྱབ་ཁོངས་སུ་ཁྱབ་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྔོན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ཙི་པེ་ཁི་སི་ཐན་ལ་འཚམས་འདྲི་མཛད་པར་མ་ཟད་སཱ་མ་ཨེར་རུ་ཕེབས་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པ་དང་། ཐེངས་འདིར་ཀྲུའུ་ཞི་ཞི་ཅིན་ཕིང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་ལ་ཉེ་བའི་སྐབས་སུ་ཡང་བསྐྱར་ཨེ་ཤ་ཡཱ་དབུས་རྒྱུད་དུ་ཕེབས་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པ་དེས། ཀྲུང་གོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་དེ་ཀྲུང་གོའི་ཕྱི་འབྲེལ་ཀྱི་སྤྱོ་ཡོངས་ཀྱི་དམིགས་བསལ་གོ་གནས་གལ་ཆེན་དུ་བཞག་ཡོད་པ་ཤེས་ཐུབ། ཀྲུང་གོས་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་གྲོགས་པོ་ཚོ་དང་མཉམ་དུ། ཧྲང་ཧེ་མཉམ་ལས་རྩ་འཛུགས་དེ་ས་ཁུལ་ལ་སྲུང་སྐྱོབ་བྱེད་པ་དང་འཛམ་གླིང་ཡོངས་ཞི་བདེ་གཏན་འཇགས་དང་དར་རྒྱས་སུ་གཏོང་བའི་འཛུགས་སྐྲུན་རང་བཞིན་གྱི་སྟོབས་ཤུགས་སུ་འགྱུར་བར་སྐུལ་འདེད་གཏོང་འདོད་ཡོད།

གཉིས། དུས་རབས་ཀྱི་མཛའ་བརྩེ་རྒྱུན་འཛིན་བྱས་ཏེ། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པའི་ནང་དོན་གསར་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

ཝང་དབྱི་ཡིས་བསྟན་དོན། ཧཱ་སག་སི་ཐཱན་ནི་རང་རྒྱལ་ནུབ་བྱང་ཕྱོགས་ཀྱི་ཁྱིམ་མཚེས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བའི་རྩ་བ་ནི་གནའ་བོའི་དར་གོས་ཚོང་ལམ་དང་འབྲེལ་ཡོད། རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་སོ་གཉིས་འགོར་བའི་རིང་ལ། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བ་ཡིས་དུས་རབས་ཀྱི་འགྱུར་ལྡོག་དང་རྒྱལ་སྤྱིའི་འགྱུར་ལྡོག་སྣ་ཚོགས་ཀྱི་ཉམས་སད་ཐེག་ནས། ཐུན་མིན་ཁྱད་དུ་འཕགས་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ཡོད།

ཐེངས་འདིའི་འཚམ་འདྲི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་ལྔ་པར་ཧཱ་སག་སི་ཐན་ལ་འཚམ་འདྲི་མཛད་པ་རེད་ལ། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞི་ཨན་དང་པེ་ཅིང་གི་ཚོགས་འདུའི་སྟེང་ནས་ཙུང་ཐུང་ཐའོ་ཁཱ་ཡའེ་ཧྥུ་དང་མཇལ་འཕྲད་གནང་རྗེས་སུ་ཡང་བསྐྱར་ངོ་འཕྲད་བརྗེ་རེས་བྱས་པའང་རེད། ཙུང་ཐུང་ཐའོ་ཁཱ་ཡའེ་ཧྥུ་ཡིས་ཚད་མཐོ་བའི་གདེང་འཇོག་དང་རང་སེམས་ཞིབ་མོས་ཇུས་འགོད་བྱས་ནས། གནམ་གྲུའི་འབབ་ཐང་དུ་སྔ་ན་མེད་པའི་གཞི་རྒྱ་ཆེ་བའི་མགྲོན་བསུའི་མཛད་སྒོ་སྤེལ་ལ། ཧཱ་སག་སི་ཐན་གྱི་ན་གཞོན་ཚོས་རྒྱ་ཡིག་གི་ལམ་ནས་མེས་རྒྱལ་གླུ་རུ་ལེན་ཞེས་པའི་གླུ་དབྱངས་ལེན་ཐེངས་དང་པོ་ཡིན་པ་དང་། ཙུང་ཐུང་བཞུགས་ཤག་ནས་གནམ་གྲུ་ཐང་དུ་འཐབ་འཁྲུག་གནམ་གྲུ་བཀོད་སྒྲིག་བྱས་ནས་འཁྲབ་སྟོན་བྱས་ཏེ་མགྲོན་བསུ་བྱེད་ཐེངས་ཀྱང་དང་པོ་རེད། ཞིབ་ཕྲའི་དོན་དག་འདི་དག་ལས་ཙུང་ཐུང་ཐའོ་ཁཱ་ཡའེ་ཧྥུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་ཐུབ་།

རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་དུས་ཡུན་རིང་བོར་མཛའ་བརྩེའི་བརྗེ་རེས་མཛད་པ་རྒྱུད། ཧུར་ཐག་གིས་ཧཱ་ཀྲུང་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཁར་བསྐྱོད་པར་གདེང་འཇོག་གནང་ཞིང་། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འདོད་བློ་དང་། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བའི་རྫོགས་ལྡན་གྱི་ལོ་ངོ་སུམ་ཅུ་ལ་འཆར་འགོད་གསར་པ་བྱེད་པར་ཐུན་མོང་གི་ངོས་འཛིན་གསར་པ་བྱུང་ནས་ཡང་བསྐྱར་ཞིབ་མཆན་བཀོད། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་རྒྱལ་ཁབ་གཉིས་ནི་སོ་སོ་འཕེལ་རྒྱས་དར་རྒྱས་སུ་གཏོང་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་འདྲ་རྒོལ་ཡང་། ཀྲུང་གོ་ཕྱོགས་ཀྱིས་ཧཱ་ཀྲུང་བར་གྱི་མཛའ་བརྩེའི་ཐོག་མའི་བསམ་འདུན་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོང་དང་། ཁྱོན་ཡོངས་མཉམ་ལས་ལས་སྐུལ་འདེད་གཏོང་པའི་ཆོད་སེམས་ལ་བློ་བསྟན་འགྱུར་མེད་སྒོས་སྲུང་སྐྱོང་བྱེད་པ། ཕན་ཚུན་ཁེ་ཕན་གཙོ་བོ་གནད་དོན་སྟེང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་བློ་སེམས་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོང་བྱེད་པ།  རྒྱལ་ཁབ་སོ་སོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་ཡིད་ཆེས་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོང་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་རྒྱབ་སྐྱོར་སྲ་བརྟན་དང་། ལག་རྡང་སྦྲེལ་ནས་སྔར་ལས་ནང་དོན་དང་གསོན་ཤུགས་ལྡན་པའི་ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱ་དགོས།

ཙུང་ཐུང་ཐའོ་ཁཱ་ཡའེ་ཧྥུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་འཚམ་འདྲིར་ཕེབས་པར་དམིགས་བསལ་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ལ། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བའི་མགོ་ཚུགས་ས་གསར་བ་རེད། ཀྲུང་གོ་ནི་ཧཱ་སག་སི་ཐན་གྱི་གྱི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ་ཡིན་ལ། དུས་ཡུན་རིང་བོའི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོ་ཡིན། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བ་ནི་དུས་ནམ་ཡང་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཡིད་རྟོན་གྱི་རྨང་གཞིའི་སྟེང་དུ་ཚུགས་ཡོད། ལོ་རྒྱུས་ཀྱི་སྟེང་དུ། ཀྲུང་གོས་གཏན་ནས་ཧཱ་སག་སི་ཐན་གྱི་ཁེ་ཕན་ལ་གནོད་བསྐྱལ་མ་མྱོང་། ཀྲུང་གོ་དང་ཧཱ་སག་སི་ཐན་བར་གྱི་མཛའ་བརྩེ་ལ་ཉམས་པ་མེད་པ་ནི། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་པས། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་ཡིད་ཆེས་བྱེད་རྒྱུ་ནི་གསེར་ལས་ཀྱང་རིན་ཐང་ཆེ། ཧཱ་སག་སི་ཐན་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བའི་རྫོགས་ལྡན་གྱི་ལོ་ངོ་སུམ་ཅུ་ལ་སྐུལ་འདེད་བཏང་ནས་སྔར་ལས་མང་པོའི་གྲུབ་འབྲས་ལེན་འདོད་ཡོད།

འཚམ་འདྲིའི་དུས་སྐབས་སུ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧཱ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་གསལ་སྒྲོག་ལ་མིང་རྟགས་བཀོད་པ་དང་། མཉམ་ལས་ཀྱི་ཡིག་ཆ་བཅུ་ཕྲག་ལྷག་ལ་མིང་རྟགས་བཀོད་ཅིང་། རྒྱལ་ཁབ་གཉིས་ཀྱི་རིག་གནས་ལྟེ་བ་དང་པེ་ཅིང་སྐད་ཡིག་སློབ་ཆེན་གྱི་ཧཱ་སག་སི་ཐན་ཡན་ལག་སློབ་གླིང་གི་སྒོ་འབྱེད་མཛད་སྒོར་ཞུགས། ལྷག་ཏུ་གླེང་རིན་ཡོད་པ་ཞིག་ནི། ལོ་བཅུ་གཅིག་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧཱ་སག་སི་ཐན་ལ་ཆེས་ཐོག་མར་རྒྱུད་གཅིག་ལམ་གཅིག་དཔལ་འབྱོར་རྒྱུད་མཉམ་འཛུགས་བྱེད་པའི་གྲོས་གཞི་བཏོན་པ་དང་། ལོ་བཅུ་གཅིག་གི་རིང་ལ། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས། འཚམ་འདྲིའི་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཐའོ་ཁཱ་ཡའེ་ཧྥུ་དང་མཉམ་དུ་ཀྲུང་གོ་དང་ཡོབ་གླིང་གི་ཐད་རྒྱུག་མྱུར་སྐྱེལ་གྱི་མཛད་སྒོ་ཕྱེས། དེས་གཞུང་ལམ་དང་ལྕགས་ལམ། མཁའ་ལམ། སྦུག་ལམ་སྐྱེལ་འདྲེན་བཅས་གཞི་གཅིག་ཅན་གྱི་སྣ་མང་ཧྲིལ་གཟུགས་ཅན་གྱི་ཕན་ཚུན་འབྲེལ་བའི་རྣམ་པ་ཉིན་རེ་བཞིན་གྲུབ་པ་མཚོན་ཡོད་ལ། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བའི་རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོ་བའི་མཉམ་འཛུགས་ལ་སྒུལ་ཤུགས་གསར་བ་བསྣན་ཡོད།

ཝང་དབྱི་ཡིས་བསྟན་དོན། དུས་རབས་མཛའ་བརྩེ་དང་ཚད་མཐོའི་ཡིད་རྟོན། སྐྱིད་སྡུག་མཉམ་མྱོང་བཅས་ནི་ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བའི་བརྗོད་གཞི་གཙོ་བོ་ཡིན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་ཆབ་སྲིད་ཕན་ཚུན་ཡིད་རྟོན་ཇེ་ཟབ་ཏུ་བཏང་ནས། གཉིས་ཕན་དངོས་གཉེར་དང་རྒྱལ་སྤྱིའི་མཉམ་གྲོས་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་འཚམ་འདྲིའི་གྲུབ་འབྲས་གལ་ཆེན་དངོས་འབེབ་ནན་མོ་བྱས་ནས། ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཕན་ཚུན་དེང་རབས་ཅན་གྱི་བགྲོད་ལམ་སྟེང་དུ་ལམ་པ་དང་། སོ་སོ་རྒྱལ་ཁབ་རང་གི་འཕེལ་རྒྱས་དར་སྤེལ་གྱི་བློས་ཐུབ་གྲོགས་པོ་ཡིན།

གསུམ། སྐྱིད་སྡུག་མཉམ་མྱོང་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་འབྲེལ་བའི་གཏན་གནས་གསར་བ་གཏན་འཁེལ་བྱེད་པར་སྐུལ་འདེད་གཏོང་དགོས།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གཉིས་རི་ཆུ་འབྲེལ་མཐུད་དང་གཅིག་ལ་གཅིག་རྟེན་དུ་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལོ་རྒྱུས་ཀྱི་འབྱུང་ཁུངས་གཏིང་ཟབ་དང་། སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་རྨང་གཞི། མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་པ། དམངས་འདོད་ཀྱི་རྒྱབ་སྐྱོར་རྒྱ་ཁྱབ་བཅས་ལྡན་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕན་ཚུན་ཡིད་ཆེས་བརྟན་པོ་དང་མཛའ་བརྩེ་ཟབ་མོ་བཙུགས་ཡོད། དུས་རབས་གསར་པ་ནས་བཟུང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཙུང་ཐུང་ལཱ་ཧི་མིན་དང་མཇལ་འཕྲད་ཐེངས15གནང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐཱ་ཅི་ཁི་སི་ཐན་དུ་ཐེངས་དང་པོར་འཚམས་འདྲི་བྱས་ནས་ལོ་བཅུ་འཁོར་བའི་སྐབས་སུ་སླར་ཡང་འཚམས་འདྲིར་ཕེབས་པར་ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་དགའ་བསུ་ཞུ་བཞིན་ཡོད་ལ། ཙུང་ཐུང་ལཱ་ཧི་མིན་སྐུ་དངོས་སུ་གནམ་གྲུ་ཐང་དུ་ཕེབས་ནས་བསུ་མ་ཞུས་པ་དང་། གནམ་གྲུ་ཐང་དུ་སྔ་ན་མེད་པའི་གཞི་ཁྱོན་ཆེན་པོའི་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས་པར་མ་ཟད། རྒྱལ་ཁབ་མགྲོན་ཁང་དུ་བྱམས་བརྩེའི་མཛའ་མཐུན་ངང་གླེང་མོལ་གནང་བ་དང་། ཐཱ་ཅི་ཁི་སི་ཐན་ཕྱོགས་ལ་དམིགས་བསལ་དུ་ཡོད་པའི་བབ་ཆགས་ཀྱི་རྣམ་པའི་ཐོག་ནས་ཆེས་གུས་པར་འོས་པའི་གྲོགས་པོར་དགའ་བསུ་ཞུས།

ན་ནིང་གི་ཟླ5པར་ཙུང་ཐུང་ལཱ་ཧི་མིན་གྱིས་ཀྲུང་གོར་འཚམས་འདྲི་གནང་སྐབས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་དུ་དུས་རབས་མཛའ་མཐུན་དང་སྐྱིད་སྡུག་མཉམ་མྱོང་། གཉིས་ཕན་མཉམ་རྒྱལ་གྱི་ཀྲུང་ཐཱའི་འབྲེལ་བའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཁྱབ་བསྒྲགས་གནང་ཡོད། འཚམས་འདྲི་གནང་སྐབས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་འབྲེལ་གསལ་བསྒྲགས་སྟེང་མིང་རྟགས་བཀོད་ནས་དུས་རབས་གསར་བའི་ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་གྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་དང་། མགོ་འཛུགས་ས་སྔར་ལས་མཐོན་པོའི་སྟེང་ལག་རྡང་སྦྲེལ་ནས་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཁྱབ་བསྒྲགས་གནང་། ཕྱོགས་གཉིས་ཀྱིས་བསྟན་དོན། མཛའ་མཐུན་དང་གཉིས་ཕན་མཉམ་ལས་ལ་སྔར་བཞིན་སྐུལ་འདེད་བརྟན་པོ་གཏོང་བ་དང་། ཕན་ཚུན་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བརྟན་པོ་བྱེད་པ། རང་སོ་སོའི་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱེད་པ་དང་། ཕན་ཚུན་བློ་གཏད་ཆོག་པའི་གྲོགས་པོ་དང་མཛའ་མཐུན་གྱི་སྤུན་ཟླ་བཟང་པོ་བྱེད་དགོས། ཙུང་ཐུང་ལཱ་ཧི་མིན་གྱིས་བསྟན་དོན། ཀྲུང་གོ་ནི་ཐཱ་ཅི་ཁི་སི་ཐན་གྱི་རླབས་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་དང་། ཐཱ་ཅི་ཁི་སི་ཐན་ནི་ཀྲུང་གོའི་བློ་དཀར་གཞུང་དྲང་གི་གྲོགས་པོ་བཟང་པོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འདིར་འཚམས་འདྲི་གནང་བ་ནི་ཐཱ་ཀྲུང་གི་འབྲེལ་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་ལ། ཐཱ་ཀྲུང་གི་དུས་རབས་གསར་བའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་མདུན་ལྗོངས་གསར་བ་གཏོད་ཐུབ་ངེས་ཡིན་ཟེར།

ཝང་དབྱི་ཡིས་བཤད་རྒྱུར། ཐེངས་འདིའི་འཚམས་འདྲི་ལ་ཁྱད་ཆོས་གཉིས་ཡོད་དེ། གཅིག་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་མཉམ་དུ་ཀྲུང་གོ་ཕྱོགས་ཀྱིས་ཐཱ་ཅི་ཁི་སི་ཐན་ཕྱོགས་ལ་རོགས་རམ་བྱས་ནས་འཛུགས་སྐྲུན་བྱས་པའི་གྲོས་ཚོགས་ཐོག་ཁང་ཆེན་མོ་དང་སྲིད་གཞུང་ཐོག་ཁང་ཆེན་མོ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་མཛད་སྒོར་ཞུགས་པ་དེ་རེད། ལོ5ཡི་སྔོན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐཱ་ཅི་ཁི་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་སྐབས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཐོག་ཁང་ཆེན་མོ་འདི་གཉིས་ཀྱི་དཔེ་དབྱིབས་ཡོལ་རས་ཕྱེས་པ་དང་། ཕྱོགས་གཉིས་ཀྱི་འཛུགས་སྐྲུན་པས་ལོ5ཡི་རིང་མཐུན་སྒྲིལ་འབད་བརྩོན་བྱས་པས་ཐོག་ཁང་ཆེན་མོ་གཉིས་དུས་ལྟར་ལེགས་འགྲུབ་བྱུང་ཞིང་། ཐཱ་ཅི་ཁི་སི་ཐན་གྱི་འཛུགས་སྐྲུན་རྣམ་པ་དང་ཀྲུང་གོའི་འཛུགས་སྐྲུན་རྣམ་པ་ཆེས་ལེགས་པའི་སྒོ་ནས་ཟུང་འབྲེལ་བྱས་ཡོད་པས། ཀྲུང་ཐཱའི་འབྲེལ་བའི་མཛའ་མཐུན་མཉམ་ལས་ཀྱི་ཚད་ཤིང་གསར་བར་གྱུར་ཡོད། གཉིས་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ལཱ་ཧི་མིན་ལ་ཀྲུང་གོའི་ཆེས་མཐོ་བའི་གཟི་བརྗིད་མཚན་སྙན་དེ་མཛའ་མཐུན་བྱ་དགའ་གནང་བ་དེ་རེད། འདི་ནི་ཀྲུང་གོས་ཐོག་དང་པོར་ཕྱི་རྒྱལ་དུ་ཕྱི་རྒྱལ་གྱི་མགོ་ཁྲིད་པར་མཛའ་མཐུན་བྱ་དགའ་གནང་བ་ཡིན་ཞིང་། ཆུ་ཚད་མཐོ་བའི་ཀྲུང་ཐཱའི་འབྲེལ་བ་དང་ཀྲུང་གོའི་མགོ་ཁྲིད་པས་མཛའ་བརྩེ་ལ་མཐོང་ཆེན་བྱེད་པ་མཚོན་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་བརྩེ་སེམས་ཀྱིས་ཕྱུག་ཡོད་ལ། ཕྱི་རྒྱལ་གྱིས་ཀྲུང་གོར་བཅངས་པའི་བཀའ་དྲིན་དང་ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བཅངས་པའི་དད་གུས་དེ་སྐད་ཆའི་སྟེང་ནས་ཀྱང་མཚོན་ཐུབ་པས་ཡིད་འགུལ་ཐེབས་པ་ཞིག་རེད། བྱ་འགུལ་རེ་རེའི་སྐབས་སུ་ཡུལ་དངོས་སུ་དགའ་སྤྲོའི་བསུ་འབོད་ཀྱིས་ཁེངས་ཡོད་ལ། འདི་དག་ལས་ཀྲུང་ཐཱའི་འབྲེལ་བའི་བརྩེ་འདང་མི་སེམས་ལ་སིམ་ཡོད་པ་དང་། ཀྲུང་ཐཱའི་འབྲེལ་བའི་མ་འོངས་པ་ལེགས་པོ་ཡོང་ཐུབ་པ་མཚོན་ཐུབ་ཅེས་གསུངས།

བཞི། འཐབ་ཇུས་གྲོས་མོལ་ལ་ཤུགས་བསྣན་ནས་འཛམ་གླིང་ཞི་བདེའི་སྟོབས་ཤུགས་འཕེལ་གནས་གསར་བར་སླེབས་པར་སྐུལ་འདེད་གཏོང་དགོས།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཨཱ་སི་ཐཱ་ནཱའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་སྐབས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་སོགས་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་གཞན་པའི་མགོ་ཁྲིད་མི་སྣ་དང་ཕྱོགས་གཉིས་ཀྱི་མཇལ་འཕྲད་གནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ཚུན་གྱི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཧུར་ཐག་སྒོས་དྲིལ་བསྒྲགས་གནང་པ་དང་། ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་གསར་སྤེལ་བྱས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཤུགས་བཏོན་ནས། ཕྱོགས་སོ་སོར་མཉམ་ལས་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱེད་རྒྱུ་ཡིན་པ་ནན་གྱིས་བསྟན་ཡོད། ཀྲུང་གོས་རྒྱལ་ཁབ་སོ་སོས་རྒྱལ་ཁབ་རང་གི་འཕེལ་རྒྱས་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱས་པ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ཏེ། རང་དངོས་འཕེལ་རྒྱས་ཀྱི་ཁེ་དབང་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་བཞག་ལ་སྔར་ལས་སྲུང་སྐྱོབ་ལེགས་པོ་བྱས་པ་བསྟན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནི་སྐྱིད་སྡུག་མཉམ་མྱོང་བྱེད་པའི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན་པ་ནན་གྱིས་བསྟན་ཡོད། མིའི་རིགས་ཀྱི་གྲུ་གཟིངས་དེ་མ་འོངས་པའི་ཕྱོགས་སུ་བསྐྱོད་དུས་བགེགས་མེད་བདེ་བགྲོད་ཡོང་མི་སྲིད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་དཀའ་ངལ་མཉམ་སེལ་བྱས་ཏེ། གྲུ་གཟིངས་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་བགྲོད་པར་ཁག་ཐེག་བྱེད་དགོས། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་ལས་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཅེས་གསུངས།

རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་རྣམས་ཀྱིས་དུས་རབས་གསར་བའི་ཚུན་ལ་ཀྲུང་གོས་ཕྱོགས་ཡོངས་ནས་གྲུབ་འབྲས་རླབས་ཆེན་བླངས་པར་ཚད་མཐོན་པོས་གདེང་འཇོག་བྱས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་བ་དང་གོ་ལ་ཧྲིལ་བོའི་མཐོང་རྒྱར་ཡིད་སྨོན་སྐྱེ་བཞིན་ཡོད་ལ།  ཀྲུང་གོའི་བཅོས་སྐྱོང་ཉམས་མྱོང་སློབ་སྦྱོང་དང་མིག་ལྟོས་བྱེད་ཅིང་། རང་དངོས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བའི་རེ་བ་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་ཅིང་། རྣམ་པ་གང་རུང་གི་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱས་ནས། ཀྲུང་གོའི་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་ཡོང་བའི་ཐད་བསྒྲུབ་པའི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་ཡོང་བའི་ཐད་ཀྱི་སྟོབས་ཤུགས་ཆེན་པོར་སྟོབས་ཤུགས་གང་གིས་ཀྱང་བཀག་འགོག་བྱེད་མི་ཐུབ་པ་གསལ་བོར་བསྟན། ཕྱོགས་སོ་སོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་ལྟ་ཚུལ་དང་གོ་ལ་ཧྲིལ་བོའི་གྲོས་འགོ་རབ་དང་རིམ་པར་ཚད་མཐོན་པོས་གཟེངས་བསྟོད་བྱེད་ཀྱིན་ཡོད་ལ། ཀྲུང་གོས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་བྱས་རྗེས་གལ་ཆེན་བཞག་པར་ཧུར་ཐག་སྒོས་གདེང་འཇོག་བྱས་ཤིང་། ཝུའུ་ཁི་ལན་གྱི་ཉམས་ཉེན་དང་། ཕཱ་ཁི་སི་ཐན་དང་དབྱི་སི་རལ་བར་གྱི་གནད་དོན་སོགས་གནད་དོན་གལ་ཆེན་ཐད་ཀྲུང་གོ་ཕྱོགས་དང་ལངས་ཕྱོགས་འདྲ་བས། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་འགྲན་སློང་ལ་ཁ་གཏད་མཇལ་འདོད་ཡོད་ཅེས་བསྟན། ཙུང་ཐུང་ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་མཐུན་སྒྲིལ་བྱས་ནས། འཇམ་འཐབ་གསར་བར་བཀག་འགོག་བྱེད་ཅིང་། ཁྲིམས་འགལ་ཕྱོགས་རྐྱང་སྒེར་སྡོམ་དང་བཙན་དབང་བརྙས་བཅོས་ཀྱི་བྱེད་ཐབས་ལ་ངོ་རྒོལ་བྱེད་རྒྱུ་ཡིན་པར་བསྟན།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མིའི་རིགས་ཀྱི་མ་འོངས་པ་དེ་ཚད་ངེས་ཅན་ཞིག་གི་སྟེང་ནས་ཀྲུང་གོར་རག་ལས་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བཞག་ལ་རྒྱབ་སྐྱོར་བྱས་པ་དང་ཕྱོགས་མང་རིང་ལུགས་ལག་བསྟར་བྱས་པར་བཀའ་དྲིན་ཆེ་ཞུས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞི་བཅོས་སྒྱུར་དང་མིའི་བཟོས་རིག་ནུས་ཀྱི་གོ་ལ་ཧྲིལ་བོའི་བཅོས་སྐྱོང་ཐད་ཀྱི་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཅེས་གསུངས།

ཝང་དབྱེ་ཡིས་བསྟན་དོན། ཀྲུའུ་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲི་བདེ་བླག་ངང་ཡོངས་འགྲུབ་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་འཐབ་ཇུས་ཡིད་ཆེས་ཇེ་དྲག་ཏུ་བཏང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་གྲོགས་པོའི་ཚོམས་སྲ་བརྟན་རྒྱ་བསྐྱེད་བྱས་ཏེ། ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་འབྲེལ་བ་ཡང་བསྐྱར་མཐོར་འདེགས་དང་ཉེ་འཁོར་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྔར་ལས་སྲ་བརྟན་དུ་བཏང་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་གཞུང་ལུགས་ལག་ལེན་ཕུན་སུམ་ཇེ་ཚོགས་དང་རྒྱ་བསྐྱེད་བྱས་ཏེ། རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་དང་གསར་གཏོད་སྣེ་ཁྲིད་ནུས་པ། བདེན་འཛིན་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་བ་མཚོན་ཡོད་ལ། དེ་ནི་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་རྒྱལ་ཁའི་དཔེ་སྟོན་ཅིག་ཡིན། ད་ལོ་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བཏོན་ནས་ལོ་ངོ70འཁོར་བའི་ལོ་ཡིན། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བར་དང་། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་འཚོལ་ཞིབ་བྱེད་པ་ནས་སྔར་ལས་མཛེས་པའི་འཛམ་གླིང་འཚོལ་བསྙེག་བྱེད་པར། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་མཁན་དང་། འཛམ་གླིང་འཕེལ་རྒྱས་ཀྱི་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོབ་མཁན་བཅས་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་མི་འགྱངས་པར་བསྡུ་ལ་ཉེ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བྱེད་ནུས་གསར་བ་བྱུང་ནས་མྱུར་ཚད་ཇེ་མགྱོགས་སུ་འགྲོ་སྲིད། ང་ཚོས་མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཁྱད་པར་དུ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ཉིང་བཅུད་ལ་གཏིང་ཟབ་ཏུ་གོ་བ་ལེན་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་དར་ཆ་མཐོན་པོར་བསྒྲེངས་ནས། མཁྲེགས་གཏོར་ཁག་སེལ་དང་འབད་འབུངས་ཡར་བརྩོན་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དར་སྤེལ་བཏང་སྟེ། རྒྱུན་ཆད་མེད་པར་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་གྱི་རྣམ་པ་གསར་བ་གསར་བསྐྲུན་བྱེད་དགོས།