ཟླ7པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ལྗང་མདོག་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ཧྲང་ཧེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཐུན་མོང་ལྟ་ཚུལ་ཡིན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོས་ཆུ་དྭངས་རི་སྔོ་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། བློ་བརྟན་འགྱུར་མེད་ཀྱིས་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བོ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དེ། མཛེས་པའི་ཀྲུང་གོའི་འཛུགས་སྐྲུན་ལ་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཆེན་པོ་བླངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་གླེང་སྟེགས་བརྒྱུད་དེ། ཕྱོགས་སོ་སོའི་བར་གྱི་ལྗང་མདོག་འཕེལ་རྒྱས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་པ་དང་། རྒྱལ་ཁབ་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་རོགས་འདེགས་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་བར་རེ་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ནི་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་དང་ས་ཁོངས་མཉམ་ལས་ཀྱི་དཔེ་སྟོན་ལྟ་བུ་ཞིག་ཡིན། ཉེ་སྔོན་ཀྲུང་གོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཧྲང་ཧེའི་སྙིང་སྟོབས་དར་སྤེལ་དང་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད། ཐུན་མོང་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་བཞེངས་བྱས་ཏེ། སྔར་ལས་དམ་ཟབ་ཀྱི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད་ཅེས་གསུངས།
ཧྲང་ཧེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ལྗང་མདོག་འཕེལ་རྒྱས་གླེང་སྟེགས་དེ་ཉིན་དེར་ཧྲན་ཏུང་ཞིང་ཆེན་གྱི་ཆིན་ཏའོ་གྲོང་ཁྱེར་དུ་སྤེལ་མགོ་བརྩམས། བརྗོད་སྙིང་ནི་ལག་རྡང་སྦྲེལ་ནས་ལྗང་མདོག་འཕེལ་རྒྱས་དམ་འཛིན་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་པ་དེ་ཡིན་ལ། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཨུ་ཡོན་ལྷན་ཁང་དང་། སྐྱེ་ཁམས་ཁོར་ཡུག་པུའུ། ཧྲང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།