ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་བཀོད་དེ། སྐམ་དམག་གི་སྟོང་ཤོག་ག་གེ་མོའི་བརྒྱ་ཤོག་དང་པོའི་ལྡིང་ཤོག་གཉིས་པར་གཟི་བརྗིད་མཚན་སྙན་གནང་།
2024.07.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 16

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་བཀའ་རྒྱར་མཚན་བཀོད་དེ། སྐམ་དམག་གི་སྟོང་ཤོག་ག་གེ་མོའི་བརྒྱ་ཤོག་དང་པོའི་ལྡིང་ཤོག་གཉིས་པར་མེ་སྒྱོགས་ལྡིང་ཤོག་དཔེ་བཟང་ཅན་གྱི་གཟི་བརྗིད་མཚན་སྙན་གནང་།

ལྡིང་ཤོག་དེ་ནི1937ལོར་རྩ་འཛུགས་བྱས་པ་དང་། ཐཱ་ཧྲན་འགོག་རྒོལ་འཐབ་འཁྲུག་དང་། ཅིན་ཁྲིན་གཡུལ་འགྱེད། མེ་སྒྱོགས་བཀོལ་ནས་ཅིན་མིན་ལ་རྒོལ་བ་སོགས་ཀྱི་གཡུལ་འགྱེད་དང་འཐབ་འཁྲུག་ལ་ཞུགས་མྱོང་། ཉེ་བའི་ལོ་འགའི་རིང་། ལྡིང་ཤོག་འདིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པར་བརྟེན་ནས་དམག་མི་སྐྱེད་སྲིང་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་བྱས་པ་དང་། སྟོབས་ཤུག་གཅིག་སྡུད་སྒོས་གཡུལ་ལ་ཞུགས་ནས་འཐབ་འཁྲུག་བྱས་ཅིང་།  རྣོ་ལྕགས་ལྟ་བུའི་དམག་དཔུང་སྟོབས་ལྡན་སྒྲིག་འཛུགས་བྱས་ཏེ། ལས་འགན་གལ་ཆེན་མང་པོ་ལེགས་འགྲུབ་བྱུང་ཡོད།

བཀའ་རྒྱ་ལས་དམག་ཡོངས་ཀྱི་དམག་དཔུང་གིས་ཁོ་ཚོར་སློབ་སྦྱོང་བྱེད་ཅིང་།  རྒྱུན་མཐུད་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་། ཕུགས་བསམ་དང་ཡིད་ཆེས་བརྟན་དགོས་ཤིང་། ཆབ་སྲིད་ལ་བློ་དཀར་སེམས་དཀར་ཡིན་དགོས་ལ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། དམག་དཔུང་སྦྱོང་བརྡར་དང་གཡུལ་འགྱེད་གྲ་སྒྲིག་དམ་འཛིན་བྱེད་པ་དང་། དངོས་འཐབ་ཅན་གྱི་ཁ་གཏད་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་པ། འཐབ་འཁྲུག་ལས་རྒྱལ་བའི་ནུས་པ་མགྱོགས་མྱུར་སྒོས་ཇེ་མཐོར་གཏོང་བ་དང་། འཐབ་འཁྲུག་བྱེད་ཐུབ་པ་དང་འཐབ་འཁྲུག་ལ་རྒྱལ་ཁ་ལེན་ཐུབ་པའི་དམག་དཔུང་ནུས་ལྡན་ཅན་དང་སྟོང་ཤོག་སྟོབས་ལྡན་ཅན་སྒྲིག་འཛུགས་བྱེད་དགོས། སྤྱོད་ཚུལ་ལེགས་ཤོས་སྦྱོང་བརྡར་བྱེད་པ་དང་། དཀའ་ཁག་ལ་མི་སྐྲག་ཅིང་འཆི་རྒྱུར་མི་འཇིགས་པའི་འཐབ་རྩོད་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་བྱེད་ཕོད་པའི་སེམས་ཤུགས་བསྐྱེད་པར་བྱས་ཏེ། དུས་རབས་གསར་བའི་གསར་བརྗེའི་དམག་དཔུང་གི་བློ་སྟོབས་སྦྱོང་བརྡར་བྱེད་དགོས་པའི་བླང་བྱ་བཏོན།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམག་ཡོངས་ཀྱི་དམག་དཔུང་དང་རྒྱ་ཆེའི་དམག་མིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་ཅིང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། དུས་རབས་གསར་བའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་བསྟར་ཟབ་མོ་བྱེད་ཅིང་།  གཏན་འབེབས་གཉིས་ཀྱི་གཏན་འཁེལ་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ་དང་། སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་པ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་ཅིང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་སྒྲིག་འཛུགས་བྱེད་པ་དང་། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། འཇོན་མིར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་བཅོས་སྐྱོང་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཁེ་དབང་བཅས་ལ་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་ནུས་པ་མཐོར་འདེགས་བཏང་སྟེ། དམག་དཔུང་སྒྲིག་འཛུགས་བྱེད་པའི་བརྒྱ་ལོ་དང་པོའི་འབད་བརྩོན་དམིགས་འབེན་དུས་ལྟར་མངོན་འགྱུར་འབྱུང་བ་དང་། མགྱོགས་མྱུར་སྒོས་མི་དམངས་དམག་དཔུང་དེ་འཛམ་གླིང་གི་རིམ་པ་དང་པོའི་དམག་དཔུང་དུ་འགྱུར་བར་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ལྷ་མོ་འཚོས་བསྒྱུར།