ཞིང་ཆེན་དམངས་ཆེན་འཐུས་མིའི་གྲོས་གཞི་ཐག་གཅོད་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས།
2024.07.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

ཟླ7པའི་ཚེས8ཉིན། ཞིང་ཆེན་དམངས་ཆེན་འཐུས་མིའི་གྲོས་གཞི་ཐག་གཅོད་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་དུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་།  རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་གྱིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གཏམ་བཤད།

ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། འཐུས་མིའི་གྲོས་གཞི་ལེགས་པོར་བསྒྲུབ་པ་ནི་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་དགོངས་པ་རྒྱུན་འཁྱོངས་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་ལག་ལེན་གཙོ་བོ་ཡིན་ཞིང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན། གྲོས་གཞི་འགན་སྒྲུབ་ལས་ཁུངས་ཀྱིས་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བརྟག་བཤེར་ཞིབ་འཇུག་ལ་ཤུགས་སྣོན་པ། འབྲེལ་འདྲིས་དམ་ཟབ་བྱེད་པ་དང་། མཉམ་སྡེབ་མཉམ་འགུལ་རྒྱུན་འཁྱོངས་བྱེད་ཅིང་། དྲིས་ལན་རིགས་དབྱེ་ཡང་དག་བྱེད་པ། རྗེས་འབྲངས་ནས་ལྟ་སྐུལ་སྤྱི་འདོམས་ལ་ཤུགས་སྣོན་པ་སོགས་འགག་རྩའི་ལས་རིམ་གཅིག་སྡུད་བྱས་ནས་ཐག་གཅོད་དམ་འཛིན་བྱེད་དགོས་པ་དང་། དམངས་ཀྱི་འབོད་སྐུལ་ལ་དུས་ཐོག་ཏུ་ཨ་ལན་སྟེར་བའི་དངོས་ཡོད་འགུལ་སྐྱོད་ཀྱིས་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་ཅིང་། བློ་ཤུགས་གཅིག་སྒྲིལ་སྒོས་མཚོ་སྔོན་མི་དམངས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས་ཟེར།

ཧི་ལུའུ་ཁྲུན་གྱིས་བསྟན་དོན། ཞིང་ཆེན་སྲིད་གཞུང་གི་སྡེ་ཁག་སོ་སོས་འཐུས་མིའི་གྲོས་གཞི་ཐག་གཅོད་བྱ་བ་ལེགས་པོར་བསྒྲུབ་པའི་དོན་སྙིང་གལ་ཆེན་དང་ལས་འགན་འགན་འཁྲི་གསལ་བོར་རྟོགས་དགོས་ཤིང་། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། འབྲེལ་འདྲིས་བྱེད་པར་ཤུགས་སྣོན་པ། གཙོ་གནད་གྲོས་གཞི་དངོས་འཛིན་བྱེད་ཅིང་། གྲུབ་འབྲས་ཚུལ་སྒྱུར་ཟབ་སྤེལ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་འཐུས་མིའི་གྲོས་གཞི་རེ་རེ་ཐག་གཅོད་ལེགས་པོ་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ཐག་གཅོད་བྱས་ཏེ་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་འཕེལ་རིམ་གསར་བར་སླེབས་པར་གཞོགས་འདེགས་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་ཞིང་ཆེན་དམངས་ཆེན་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་གཉིས་པའི་སྐབས་ཀྱི་འཐུས་མིའི་གྲོས་གཞི་ཐག་གཅོད་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པ་དང་། གྲོས་གཞི་འགན་སྒྲུབ་ལས་ཁུངས་ཁག་གཅིག་གིས་བརྗེ་རེས་གཏམ་བཤད་སྤེལ། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་ཆེན་གྱི་འབྲེལ་ཡོད་སྡེ་ཁག ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། འཐུས་མིའི་གྲོས་གཞི་འགན་སྒྲུབ་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན། གྲོས་གཞི་བཏོན་པའི་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཁག་གཅིག་བཅས་གྲོས་ཚོགས་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།