ཝང་ཧུའུ་ཉིང་གིས་བྷང་ག་ལའི་ཙུང་ལིར་མཇལ་འཕྲད་གནང་།
2024.07.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 31

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས9ཉིན་པེ་ཅིང་དུ་བྷང་ག་ལའི་ཙུང་ལི་ཧཱ་ཞི་ནཱ་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས9ཉིན་པེ་ཅིང་དུ་བྷང་ག་ལའི་ཙུང་ལི་ཧཱ་ཞི་ནཱ་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་བྷང་ག་ལའི་ཕྱོགས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་བྷང་ག་ལའི་བར་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས་རྒྱལ་ཁབ་དང་རྒྱལ་ཁབ་བར་མཛའ་མཐུན་མཉམ་གནས་དང་གཉིས་ཕན་མཉམ་ལས་ཀྱི་དཔེ་མཚོན་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལའི་ཕྱོགས་དང་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་བྷང་ག་ལའི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པ་བསྐྲུན་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་བྷང་ག་ལའི་ཕྱོགས་དང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་བྷང་ག་ལའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས།

ཧཱ་ཞི་ནཱ་ཡིས་བསྟན་དོན། ངས་ཀྲུང་གོར་འཚམས་འདྲིར་ཐེངས་དྲུག་བྱས་པར་ཧ་ཅང་དགའ་པོ་བྱུང་། བྷང་ག་ལ་དང་ཀྲུང་གོའི་མཛའ་གྲོགས་དུས་ཡུན་རིང་པོའི་ནང་སྲ་བརྟན་དུ་ཕྱིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོའི་རླབས་ཆེན་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་པ་དང་། སྔར་བཞིན་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ཏེ་ཕྱོགས་ཡོངས་ཀྱི་མཉམ་ལས་དང་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས་བྷང་ག་ལ་དང་ཀྲུང་གོའི་འབྲེལ་བར་གྲུབ་འབྲས་གསར་པ་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཧྲི་ཐའེ་ཧྥུན་དང་ཝང་ཏུང་ཧྥུན་སོགས་མཇལ་འཕྲད་ལ་ཞུགས།

བྷང་ག་ལའི་ཙུང་ལི་ཧཱ་ཞི་ནཱ་ཟླ7པའི་ཚེས9ཉིན་གྱི་ཕྱི་དྲོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བསྐྱོད་དེ་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།

ཤ་བོ་གསེར་མཚོས་བསྒྱུར།