ལིང་ཀྲིན་དབྱིན་གྱིས་ཞང་ཀང་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་བྱས།
2024.07.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

ཟླ7པའི་ཚེས8ནས་ཚེས9ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིང་ཀྲིན་དབྱིན་གྱིས་ཞང་ཀང་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་བྱས་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། མཚོ་སྔོན་དང་ཞང་ཀང་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་མ་ཟད། མཚོ་སྔོན་གྱིས་ཞང་ཀང་ནས་འོས་སྦྱོར་བྱ་འགུལ་སྤེལ་བའི་དུས་རིམ་སྔོན་མའི་རྟོག་ཞིབ་བྱ་བ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

རྟོག་ཞིབ་ཚོགས་པ་སྔ་ཕྱིར་མཚོ་སྔོན་ཧྥེ་ཏིས་གློག་སྨན་ཚད་ཡོད་ཀུང་ཟི་དང་། གནམ་འདུས་འོད་ནུས་མཚོ་སྔོན་ཀུའེ་རིགས་ཚད་ཡོད་ཀུང་ཟི། མཚོ་སྔོན་ལིས་ཧའོ་ཕྱེད་འདྲེན་གཟུགས་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས། ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་དབྱིས་ནཱ་ཝའེ་ཁཱང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞའོ་ཞིས་ཕྱུགས་རིགས་འོ་མའི་ལས་རིགས་ཚད་ཡོད་ཀུང་ཟི་དང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་མཐོ་སྒང་སྔོ་ཚལ་ཐོན་ལས་གླིང། མཚོ་ཤར་རྨ་ཙོང་ཁུལ་གསར་ཀྲུང་གོའི་གློག་འཕྲིན་མཚོ་སྔོན་ལྗང་མདོག་གཞི་གྲངས་ཆེན་མོའི་ལྟེ་གནས་བཅས་ལ་སོང་ནས་རྟོག་ཞིབ་བྱས་ཏེ། ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་བརྗེ་རེས་བྱས་ནས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ཁེ་ལས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་གནད་ཐག་གཅོད་པར་བསམ་འཆར་དང་གྲོས་གཞི་བཏོན།

ཚེས9ཉིན་གྱི་སྔ་དྲོར་བསྡུས་པའི་མཚོ་སྔོན་དང་ཞང་ཀང་དཔལ་འབྱོར་ཉོ་ཚོང་མཉམ་ལས་བཞུགས་མོལ་ཚོགས་འདུའི་སྟེང་། རྟོག་ཞིབ་ཚོགས་པས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་ཞུ་དང་། མཚོ་སྔོན་དང་ཞང་ཀང་གི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་མཉམ་ལས་ཀྱི་གནས་ཚུལ་ལ་ཉན་པ་དང་། མཚོ་སྔོན་གྱི་ཁེ་ལས་བཅུའི་འགན་ཁུར་མི་སྣས་གཏམ་བརྗོད་སྤེལ་བར་མ་ཟད། རྟོག་ཞིབ་ཚོགས་པའི་ཁོངས་མིས་མཉམ་འགུལ་བརྗེ་རེས་བྱས།

ལིང་ཀྲིན་དབྱིན་གྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་བླངས་པར་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཀྱི་ཐད་ལ་དམིགས་བསལ་གྱི་དགེ་མཚན་དང་ཁྱད་ཆོས་ལྡན་ཞིང་། མཚོ་སྔོན་དུ་མ་ཡོང་སྔོན་ལ། ང་ཚོས་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་ཁྱད་ལྡན་དགེ་མཚན་ལ་ཟུང་འབྲེལ་བྱས་ཏེ། འབྲེལ་ཡོད་ཕྱོགས་ཀྱི་ཆེད་མཁས་མི་སྣ་དང་ཁེ་ལས་པ། ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པའི་སྨྱན་བྱད་བཅས་གདན་འདྲེན་བྱས་ནས་རྟོག་ཞིབ་ཚོགས་པ་རྩ་འཛུགས་བྱས་ཏེ། མཚོ་སྔོན་དང་ཞང་ཀང་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རྨང་གཞི་བཏིང་། མཚོ་སྔོན་གྱི་ཡུལ་སྐོར་ཐོན་ཁུངས་ཀྱི་ཆ་རྐྱེན་ལེགས་ཤིང་མིང་གྲགས་ཆེ་བས། ས་ཁུལ་གཉིས་མཉམ་ལས་བྱས་པ་བརྒྱུད་དེ། ཞང་ཀང་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོ་མཚོ་སྔོན་དུ་ལྟ་སྐོར་ལ་ཡོང་སྟེ། ཡུལ་དངོས་ནས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་རྒྱུས་ལོན་བྱེད་པར་སྐུལ་འདེད་གཏོང་ཐུབ་ལ། དཔལ་འབྱོར་ཐོན་ནུས་འཕེལ་རྒྱས་མངོན་འགྱུར་བྱུང་བ་དང་མཉམ་དུ། འཛམ་གླིང་ལ་ཁ་ཕྱོགས་ནས་ཀྲུང་གོའི་གཏམ་རྒྱུད་དང་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བཤད་ཐུབ། མཐོ་སྒང་དང་། ལྗང་མདོག སྐྱེ་ལྡན། ལྷད་མེད་བཅས་ནི་མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྱད་ཆོས་གཙོ་བོ་ཡིན་ཞིང་། ཞང་ཀང་གིས་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱི་ཕྱོགས་ཁྲོམ་ར་རྒྱ་བསྐྱེད་པ་དང་། ཚོང་རྟགས་བསྐྲུན་པ། རིན་ཐང་ཇེ་མཐོར་གཏོང་བ་བཅས་ལ་གཞོགས་འདེགས་བྱེད་དགོས། མཚོ་སྔོན་དང་ཞང་ཀང་གཉིས་ཀྱི་འབྲེལ་འདྲིས་ལ་སྔར་ལས་ཤུགས་སྣོན་པ་དང་། ཕན་ཚུན་ལ་སྔར་ལས་རྒྱུས་ལོན་བྱེད་ཅིང་། ཞང་ཀང་གི་དམིགས་བསལ་དགེ་མཚན་བེད་སྤྱོད་ལེགས་པོ་བྱས་ཏེ། མཚོ་སྔོན་གྱི་དགོས་མཁོ་དང་ཞང་ཀང་གི་ཁྱད་ཆོས་གཉིས་སྦྲེལ་མཐུད་ཡང་དག་བྱེད་པ་དང་། རྒྱུན་མཐུད་སྒོས་ཐོན་ལས་འཕེལ་རྒྱས་དང་རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། མཚོ་སྔོན་དང་ཞང་ཀང་གི་ཚོང་དོན་ཕྱོགས་ཀྱི་མཉམ་ལས་སྦས་ཤུགས་ཆེ་བས། ཕྱོགས་གཉིས་ཀྱིས་རྒྱུན་མཐུད་དངོས་དོན་སྒོས་མཉམ་དུ་འབད་བརྩོན་བྱས་ཏེ། མཚོ་སྔོན་དང་ཞང་ཀང་གི་དཔལ་འབྱོར་ཚོང་དོན་མཉམ་ལས་དེ་སྐས་རིམ་གསར་བར་སླེབས་ཤིང་ཕན་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་བའི་རེ་བ་བྱེད་བཞིན་ཡོད་ཟེར།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ལིང་ཀྲིན་དབྱིན་འཁོར་དང་བཅས་པ་མཚོ་སྔོན་དུ་རྟོག་ཞིབ་ལ་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་བྱས་པ་དང་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་པར་མ་ཟད། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཚོ་སྔོན་དུ་ཕེབས་ནས་གཟིགས་ཞིབ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་ཁ་ཕྱོགས་གསར་བ་བསྟན་ཞིང་། གནས་ཚད་གསར་བ་གཏན་འཁེལ་བྱས་པ་དང་། ལས་འགན་གསར་བ་བཀོད་སྒྲིག་བྱས། མིག་སྔར། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། སྟོབས་ཤུགས་གཅིག་སྡུད་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཞིང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་རྩོམ་བཞིན་ཡོད། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་དང་ཞང་ཀང་གི་ཉོ་ཚོང་བརྟན་བརླིང་སྒོས་རྒྱ་བསྐྱེད་ཅིང་། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་མ་དངུལ་གཏོང་ཤུགས་ཇེ་དྲག་ཏུ་བཏང་བ་དང་། རིག་དངོས་བརྗེ་རེས་མཉམ་ལས་རྒྱུན་མཐུད་སྒོས་རྒྱ་སྐྱེད་པ་རེད། ཞང་ཀང་དང་མཉམ་དུ་རིམ་པ་མང་བ་དང་། ཁྱབ་ཁོངས་མང་བ། རྣམ་པ་མང་པའི་བརྗེ་རེས་མཉམ་ལས་རྐྱེན་སྲོལ་འཛུགས་པ་དང་། ཞང་ཀང་གི་དངུལ་རྩ་དང་། ཞབས་ཞུ། དངོས་སྐྱེལ་སོགས་ཐད་ཀྱི་དགེ་མཚན་འདོན་སྤེལ་བྱེད་ཅིང་། དག་གཙང་ནུས་ཁུངས་གསར་སྤེལ་བེད་སྤྱོད་དང་། ཁྱད་ལྡན་ཞིང་ཕྱུགས་ལས། རིག་གནས་ཡུལ་སྐོར། ལྗང་མདོག་རྩིས་ནུས་སོགས་ཕྱོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། གཉིས་ཕན་མཉམ་རྒྱལ་ཡོང་བའི་རེ་བ་བྱེད་ཀྱིན་ཡོད་ཟེར།

ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་། ཝུའུ་ལཱ་ཙི་པེ་ཁི་རེ་སུའུ་ལིས་ཧན། ཝང་ཧེ་ཧུང། ཁོང་ཡུང་བཅས་གོང་གསལ་གྱི་བྱ་འགུལ་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།