ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་ཁྲིན་ཁང་གིས་མགོ་འཛིན་བྱས།
2024.07.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

ཟླ7ཚེས10ཉིན་གྱི་ཕྱི་དྲོ།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཉེ་ལམ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཏེ།  རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་ཡའེ་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཡོན་ཏུང་ཐིན་མཚེའུ་ཡི་ཆུ་རགས་ཤོར་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་ལེན་དོན་འཁྱོལ་བྱས་ཏེ། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་ཞོད་འགོག་གི་རྣམ་པར་ངོས་འཛིན་གང་ལེགས་བྱས་ནས། འཐོམས་སྦྲིད་ཀྱི་བསམ་བློ་དང་ལྷོད་གཡེང་གི་སེམས་ཁམས་ཁྱད་དུ་བསལ་ནས་འབྲེལ་ཡོད་ཉེན་བརྡ་དུས་ཐོག་ཏུ་ཁྱབ་སྒྲོག་བྱས་ནས།  ཞོད་འགོག་གྲོས་མོལ་དང་ཞིབ་འཇུག་བརྡར་ཤ་གཅོད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པ་དང་མངོན་མེད་རྐྱེན་ངན་གྱི་རྩིས་ཐོ་བཟོས་ནས་ཉེན་ཁ་གཙོ་བོ་འགོག་སྲུང་ནན་མོ་བྱས་ཏེ། ཆར་ཞོད་ཆེ་བའི་དུས་ཚིགས་བདེ་འཇགས་ངང་སྐྱེལ་ཐུབ་པར་འགན་ལེན་བྱེད་དགོས།  ཞོད་འགོག་གི་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་། འཕྲལ་སྡོམ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཆར་ཞོད་ཆེན་པོ་འགོག་པ་དང་ཉེན་ཁ་ཆེན་པོ་འགོག་པ།  གནོད་འཚེ་ཆེན་པོ་ལས་སྐྱོབ་པ་བཅས་ཀྱི་གྲ་སྒྲིག་ཡག་པོ་བྱས་ཏེ་ཉེན་ཁའི་གནས་ཚུལ་སྔོན་འགོག་དང་མྱུར་དུ་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སྤེལ་ནས་ལོ70འཁོར་བའི་རྗེས་དྲན་ཚོགས་འདུ་དང་།  ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པ།“ཧྲང་ཧའེ་མཉམ་ལས་རྩ་འཛུགས”དང་ཨ་སི་ཐཱ་ནཱའི་རྩེ་ཚོགས་བཅས་ཀྱི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།  ལྷག་པར་དུ་མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་།  ཅི་ཨར་ཅི་སི་སི་ཐན་སོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་འབྲེལ་འདྲིས་མཉམ་སྐྲུན་གྱི་གྲོགས་པོའི་འབྲེལ་བ་བཙུགས་ནས།  ལངས་གནས་སྔར་ལས་མཐོ་བ་དང་སྔར་ལས་རང་རྟོགས་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས་པར་བསྟན།

གྲོས་ཚོགས་ལས《སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་བཞི”ཡང་དག་པའི་སྒོ་ནས་སྤྱོད་པའི་ལག་བསྟར་ཚོད་ལྟའི་བྱེད་ཐབས》བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་བེད་སྤྱོད་ཡག་པོ་བྱས་ནས་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་དགོས་པ་དང་། གཞི་གདངས་གཙོ་བོ་རྒྱུན་འཁྱོངས་བྱེད་དགོས་ལ་འགན་འཁུར་བར་སྐུལ་མ་གཏོང་བར་ཟུང་འབྲེལ་བྱས་ཏེ། ལས་བྱེད་པའི“གོང་འོག་ནུས་པ”རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།  གནད་ལ་འཁེལ་བའི་ངོ་བོ་དང་སྒྲིག་ཁྲིམས་ཚད་འཇལ་ཁྲིམས་བསྟར་བྱེད་པ་དང་།“མང་ཆེ་བ”དང“ཉུང་ཤོས”བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་གསོག་ཚད་མེད་པར་བཟོ་བ་དང་འཕར་ཚད་བཀག་འགོག་བྱས་ཏེ།  བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་གཏོང་དགོས། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་གྱི་འགན་འཁྲི་མཉམ་འགུལ་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་ཆབ་སྲིད་ཀྱི་ཕན་འབྲས་དང་སྒྲིག་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བར་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་གྱུར་གྱིས་བཅོས་སྐྱོང་བྱེད་པའི་བྱ་བ་སྒྲུབ་པའི་སྐོར་གྱི་སྙན་ཞུ་ལ་ཉན། མང་ཚོགས་ཀྱི་ཉེ་འགྲམ་གྱི་རུལ་སུངས་གནད་དོན་གྱིས་མང་ཚོགས་ཀྱི་ཁེ་ཕན་ལ་ཐད་ཀར་དུ་གནོད་འཚེ་གཏོང་བ་དང་ཆབ་སྲིད་ཀྱི་སྐྱེ་ཁམས་ལ་དེ་ལས་གཏོར་བཤིག་གཏོང་བཞིན་ཡོད། དེ་བས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་གནད་དོན་དག་ཐེར་ཡག་པོ་བྱེད་པར་སྐུལ་འདེད་གཏོང་དགོས། སྔར་ལས་གཟབ་ནན་གྱི་བླང་བྱ་གཞིར་བཟུང་ནས་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས“སྦྲང་ནག་དང་གྲོག་རུལ”ལ་བཟོད་སྒོམ་གཏན་ནས་མི་བྱེད་པར་ཆད་པ་བཅད་དེ། རིགས་སོ་སོའི་མང་ཚོགས་ལ་ཉེ་འགྲམ་གྱི་དོན་དག་ལ་དོ་དམ་བྱེད་མཁན་ཡོད་པ་དང་རང་ཉིད་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་མཁན་ཡོད་པ་དངོས་སུ་མཐོང་ཐུབ་པར་བྱེད་དགོས། ལམ་ལུགས་ཀྱི་གཟེབ་རྒྱ་ཇེ་དམ་དུ་གཏོང་བ་དང་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། མཁྲེགས་གཤིས་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྒྲིག་ཁྲིམས་དང་སྒྲིག་ལམ་ཡག་པོ་བཟོས་ནས“སྒེའུ་ཁུང་གཏོར་བའི་ཕན་ནུས”མཐའ་གཅིག་ཏུ་སྔོན་འགོག་བྱེད་དགོས་པར་བསྟན།

གྲོས་ཚོགས་ལས་ད་དུང《མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞིར》གྲོས་ཞིབ་བྱས།

གཡང་འབུམ་རྒྱལ་གྱིས་བསྒྱུར།