ཙུང་ལི་ལིས་ཆང་གིས་བྷང་ག་ལའི་ཙུང་ལི་ཧཱ་ཞི་ནཱ་དང་གྲོས་མོལ་གནང་།
2024.07.11 ཁུངས། ཀློག་གྲངས། 23

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ7པའི་ཚེས10ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་བྷང་ག་ལཱའི་ཙུང་ལི་ཧཱ་ཞི་ནཱ་དང་གྲོས་མོལ་གནང་།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་བྷང་ག་ལཱའི་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ཙམ་སོང་བའི་རིང་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་པོ་དང་བདེ་ཐང་ངང་འཕེལ་རྒྱས་ཕྱིན་པར་མ་ཟད། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་བས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་ཕྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ལྕམ་ཙུང་ལི་དང་མཇལ་འཕྲད་གནང་བ་དེས་ཀྲུང་གོ་དང་བྷང་ག་ལཱའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་སྣོན་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལཱའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ་སྲོལ་རྒྱུན་མཛའ་གྲོགས་རྒྱུན་མཐུད་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་བྷང་ག་ལཱའི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་དངོས་སྒྲུབ་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལཱའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མཐའ་འཁོར་ཕྱི་འབྲེལ་གྱི་དམིགས་བསལ་ཁ་ཕྱོགས་སུ་འཇོག་པ་དང་། བྷང་ག་ལཱའི་ཕྱོགས་དང་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་ཆེན་པོ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱུས་ལོན་གཏིང་ཟབ་ཏུ་གཏོང་བ་དང་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལཱའི་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་བྱས་ནས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། བྷང་ག་ལཱའི་ལྷོ་ཕྱོགས་གཞི་གཅིག་ཅན་གྱི་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཚོང་དོན་ལེགས་བསྒྱུར་དང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནུས་ཁུངས་གསར་པ་དང་། གཞི་གྲངས་དཔལ་འབྱོར། ཐོན་ལས་གླིང་ཁུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རིག་གནས་དང་། ཡུལ་སྐོར། ན་གཞོན། ས་གནས་སོགས་ཀྱི་བརྗེ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་རོགས་རམ་སྔར་ལས་མང་པོ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་བྷང་ག་ལཱའི་ཕྱོགས་དང་ཐོན་ལས་དངུལ་གཏོང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ལག་རྡང་སྦྲེལ་ནས་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་མཉེན་ཆ་དང་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། བྷང་ག་ལཱའི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་བྷང་ག་ལཱ་ནས་ཚོང་གཉེར་བྱེད་པར་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལཱ་ཕྱོགས་དང་ཕྱོགས་མང་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱག་པ་དང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱས་ཏེ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་སྔར་ལས་ལེགས་པོ་བྱེད་འདོད་ཡོད་ཅེས་གསུངས།

ཧཱཞི་ནཱ་ཡིས་བསྟན་དོན། བྷང་ག་ལཱའི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་རྒན་རབས་ཀྱིས་བཏོད་པའི་བྷང་ག་ལཱ་དང་ཀྲུང་གོའི་མཛའ་མཐུན་ལ་གཅེས་འཛིན་བྱེད་ཀྱིན་ཡོད། བྷང་ག་ལཱ་དང་ཀྲུང་གོའི་འབྲེལ་བས་ལོ་རྒྱུས་ཀྱི་ཉམས་སད་བརྒྱུད་མྱོང་བ་དང་། ཕྱོགས་གཉིས་ལ་ཐུན་མོང་གི་རིན་ཐང་ལྡན་པས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱུས་ལོན་དང་བརྩི་འཇོག་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ཡོད་པས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མིག་དཔེར་གྱུར་ཡོད། བྷང་ག་ལཱ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་བརྩི་སྲུང་ནན་མོ་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱི་སྲོག་ཤིང་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་ལོ་ཡིན་པས། བྷང་ག་ལཱ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་ཚོང་དོན་དང་། རྨང་གཞིའི་འཛུགས་སྐྲུན། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་འདོད་ཡོད། བྷང་ག་ལཱའི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་རྟེན་འབྲེལ་ཞུ་པ་དང་། མུ་མཐུད་ཧུར་ཐག་གིས་དེའི་ནང་ཞུགས་རྒྱུ་ཡིན་ལ། ཀྲུང་གོའི་ཁེ་ལས་བྷང་ག་ལཱའི་ལྷོ་རྒྱུད་གཞི་གཅིག་ཅན་གྱི་གསར་སྤེལ་འཆར་གཞིའི་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། བྷང་ག་ལཱ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་སྤྱིའི་ཕྱོགས་མང་ལས་དོན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱག་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཟེར།

གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་སྲིད་ཇུས་བརྗེ་རེས་དང་། དཔལ་འབྱོར་ཚོང་དོན་དངུལ་གཏོང་། གཞི་གྲངས་དཔལ་འབྱོར། ནད་ཡམས་ཞིབ་བཤེར། སྨན་བཅོས་འཕྲོད་བསྟེན། སློབ་གསོ། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མཉམ་དུ་བདེན་དཔང་གནང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་བྷང་ག་ལཱའི་རང་མོས་ཚོང་དོན་གྲོས་ཆོད་ཀྱི་མཉམ་འབྲེལ་ལག་བསྟར་བྱེད་ཆོག་པའི་ཞིབ་འཇུག་ལེགས་སྒྲུབ་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོ་དང་བྷང་ག་ལཱའི་དངུལ་གཏོང་གྲོས་ཆོད་རིམ་སྤོར་གྲོས་མོལ་བྱ་རྒྱུར་མོས་མཐུན་བྱུང་བར་མ་ཟད། ཕྱོགས་གཉིས་ཀྱིས2025ལོ“ཀྲུང་གོ་དང་བྷང་ག་ལཱའི་མི་གཞུང་བརྗེ་རེས་ལོར”གཏན་འཁེལ་བྱ་རྒྱུའི་མོས་མཐུན་བྱུང་།

གྲོས་མོལ་མ་བྱས་གོང་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་ཧཱ་ཞི་ནཱ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།