རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས10ཉིན་པེ་ཅིང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཀུའེ་ནེ་ཡཱ་པུ་སོ་ཡི་ཙུང་ཐུང་ཨིན་པཱ་ལུའོ་ལ་མཇལ་འཕྲད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས10ཉིན་པེ་ཅིང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཀུའེ་ནེ་ཡཱ་པུ་སོ་ཡི་ཙུང་ཐུང་ཨིན་པཱ་ལུའོ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀུའེ་ནེ་ཡཱ་པུ་སོ་དང་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་སྔ་ཕྱི་བར་གསུམ་དུ་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་གནང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཆར་གཞི་གསར་པ་བཀོད་སྒྲིག་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཀུའེ་ནེ་ཡཱ་པུ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཛུབ་ཁྲིད་བྱས་པའི་ཁ་ཕྱོགས་ལ་བརྩི་སྲུང་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས། ཀྲུང་གོ་དང་ཕུའུ་ཐའོ་ཡཱའི་གླེང་སྟེགས་སོགས་ཀྱི་སྟེགས་བུ་གལ་ཆེན་བེད་སྤྱོད་ཡག་པོ་བཅས་བྱས་ཏེ་དངོས་སྒྲུབ་ནུས་ཆེའི་ངང་ཞིང་ལས་ཉ་ལས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྨན་བཅོས་འཕྲོད་བསྟེན། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།
ཨིན་པཱ་ལུའོ་ཡིས་བསྟན་དོན། ཀྲུང་གོ་དང་ཀུའེ་ནེ་ཡཱ་པུ་སོ་ནི་ཕན་ཚུན་བརྩི་འཇོག་དང་སྐྱིད་སྡུག་མཉམ་མྱོང་བྱེད་པའི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་ཡིན། ཀུའེ་ནེ་ཡཱ་པུ་སོ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྐབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཟླ7ཚེས10ཉིན་གྱི་སྔ་དྲོར། ཀུའེ་ནེ་ཡཱ་པུ་སོ་ཡི་ཙུང་ཐུང་ཨིན་པཱ་ལུའོ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བསྐྱོད་དེ་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།
ཤ་བོ་གསེར་མཚོས་བསྒྱུར།