རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ7པའི་ཚེས11ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སའོ་ལའོ་མིན་གླིང་ཚོམ་གྱི་ཙུང་ལི་མཱ་ནེ་ལའེ་དང་གྲོས་མོལ་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་སའོ་ལའོ་མིན་བར་འབྲེལ་བ་བཙུགས་ནས་ལོ5འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཤུགས་ཆེན་པོས་འཕེལ་རྒྱས་སུ་སོང་བ་དང་། ཕྱོགས་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ལ། ཁྱབ་ཁོངས་སོ་སོའི་་བརྗེ་རེས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ལིར་ཐུག་འཕྲད་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ལ་ཁ་ཕྱོགས་སྔར་ལས་གསལ་སྟོན་བྱ་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་སའོ་ལའོ་མིན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་སའོ་ལའོ་མིན་བར་གྱི་དུས་རབས་གསར་པའི་ཕན་ཚུན་བརྩི་འཇོག་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ནང་དོན་སྔར་ལས་འཐུས་ཚང་དུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སའོ་ལའོ་མིན་མི་དམངས་ཀྱིས་རང་ངོས་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་གདམ་གསེས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། སའོ་ལའོ་མིན་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སའོ་ལའོ་མིན་ཕྱོགས་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སྔར་ལས་མང་པོ་མཉམ་སྤྱོད་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་དང་། གྲོང་གསེབ་འཕེལ་རྒྱས། ཆ་འཕྲིན་འཕྲིན་གཏོང་། ཐཱན་ཉུང་སྤོར་བསྒྱུར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སའོ་ལའོ་མིན་ཕྱོགས་ལ་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་རོགས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སའོ་ལའོ་མིན་ཕྱོགས་ཀྱི་སྤུས་ལེགས་ཞིང་ཞོར་ཐོན་རྫས་སྔར་ལས་མང་པོ་ནང་འདྲེན་བྱེད་འདོད་ཡོད་ལ། སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་ཀྱིས་སའོ་ལའོ་མིན་དུ་དངུལ་གཏོང་ལས་གཉེར་བྱེད་པར་སྐུལ་མ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་སློབ་གསོ་དང་། འཕྲོད་བསྟེན། རིག་རྩལ། ན་གཞོན། ས་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་སྣའི་འགྲོ་འོང་ཐད་སྔར་ལས་སྟབས་བདེ་བསྐྲུན་ཏེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་དམངས་འདོད་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས།
ལིས་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་ལས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྩ་དོན་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ་སའོ་ལའོ་མིན་གླིང་ཚོམ་སོགས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་དང་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་མཐུད་ངང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྔར་ལས་དམ་ཟབ་གཏོད་རྒྱུ་ཡིན་ཞེས་གསུངས།
མཱ་ནེ་ལའེ་ཡིས་བསྟན་དོན། འབྲེལ་བ་བཙུགས་ནས་ལོ5འགོར་བའི་རིང་སའོ་ལའོ་མིན་དང་ཀྲུང་གོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོས་སའོ་ལའོ་མིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པས་སའོ་ལའོ་མིན་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སའོ་ལའོ་མིན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ནན་མོ་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་། དེ་བཞིན“རྒྱུད་གཅིག་ལམ་གཅིག”དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་མཉམ་སྐྲུན་བྱེད་པར་རྒྱབ་སྐྱོར་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ལ་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོས་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད། སའོ་ལའོ་མིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་བར་གྱི་དཔལ་འབྱོར་ཚོང་དོན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྨན་བཅོས་འཕྲོད་བསྟེན། མི་གཞུང་བརྗེ་རེས། དབུལ་ཐར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ལག་རྡང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་ནས་སའོ་ལའོ་མིན་དང་ཀྲུང་གོའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། དཔལ་འབྱོར་ཚོང་དོན། སློབ་གསོ། གཞི་གྲངས་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། ནད་ཡམས་ཞིབ་བཤེར་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་བདེན་དཔང་གནང་།
གྲོས་མོལ་མ་བྱས་གོང་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་མཱ་ནེ་ལའེ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།
ཝུའུ་ཀྲིན་ལུང་གོང་གི་བྱེད་སྒོར་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།