ཟླ7པའི་ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ནས《ཀྲུང་གོའི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ》ཅེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་ཁྱབ་བསྒྲགས་བྱས།
རྒྱབ་ཤ་དཀར་པོའི་དཔེ་དེབ་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་གོས་མི་དང་རྒྱ་མཚོ་འཆམ་མཐུན་གྱི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། མ་ལག་ལྡན་པའི་སྒོ་ནས་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་པ། རྒྱ་མཚོའི་ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཁྱོན་ཡོངས་ནས་རྒྱས་བཤད་བྱས་ཡོད་ལ། ཀྲུང་གོས་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་ངང་སྤེལ་བ་དང་། རྒྱ་མཚོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་དང་འཛམ་གླིང་གི་ལེགས་སྐྱེས་མཚོན་པར་བྱས་ཡོད།
ཤ་བོ་གསེར་མཚོས་བསྒྱུར།