མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས25པའི་དངུལ་གཏོང་གསལ་བཤད་ཚོགས་འདུ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་གྲགས་ཅན་མཚོ་སྔོན་དུ་བསྐྱོད་པའི་བྱ་འགུལ་བསྡུས་པ་དང་། ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པ་མ་ཟད་འོས་སྦྱོར་བྱས།
2024.07.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

ཟླ7ཚེས11ཉིན་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས25པའི་དངུལ་གཏོང་གསལ་བཤད་ཚོགས་འདུ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁེ་ལས་གྲགས་ཅན་མཚོ་སྔོན་དུ་བསྐྱོད་པའི་བྱ་འགུལ་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པ་མ་ཟད་འོས་སྦྱོར་བྱས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་ལ་ཉེ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཚོ་སྔོན་དུ་ཕེབས་ནས་གཟིགས་ཞིབ་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཁ་ཕྱོགས་གསར་པ་བསྟན་པ་དང་། གནས་ཚད་གསར་པ་གཏན་འཁེལ་བྱས་ལ། འགན་འཁྲི་གསར་པ་གནང་ཡོད། དེང་སྐབས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་གནང་བའི་དམིགས་འབེན་ཇུས་གཞི་ཆེན་མོའི་ཕྱོགས་སུ་བརྟན་པོའི་ངང་བསྐྱོད་བཞིན་ཡོད་པ་དང་། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་ཞིང་། ཐོན་ལས་གནས་བཞི་འཛུགས་སྐྲུན་དང་། ལྗང་མདོག་རྩིས་ནུས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། སྤུས་ཚད་མཐོ་བའི་དངུལ་གཏོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བཞེངས་བྱས་ཏེ། སྐྱེ་ཁམས་རིན་ཐང་གི་སྔོག་འདོན་དུས་སྐབས་དང་། གཞན་བསྒྱུར་འཕེལ་རྒྱས་ཀྱི་གོ་སྐབས་དུས་སྐབས། སྒོ་འབྱེད་མཉམ་ལས་ཀྱི་མཐོར་འདེགས་དུས་སྐབས་བཅས་བསུས་པ་དང་། ཁེ་ལས་པ་རྣམས་ཀྱིས་མཚོ་སྔོན་དུ་མ་དངུལ་གཏོང་དང་མཚོ་སྔོན་དུ་ལས་སྐྲུན་བྱས་ཏེ། མཉམ་དུ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་པར་ལྷག་བསམ་ཟོལ་མེད་ངང་དགའ་བསུ་ཞུ་བཞིན་ཡོད། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་མཉམ་འཛུགས་མཉམ་སྤྱོད་མཉམ་རྒྱལ་ཡོང་བར་བྱེད་པ་དང་། ལག་རྡང་སྦྲེལ་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱེད་པའི་ཐག་གཅོད་ཇུས་གཞི་ཡག་ཤོས་འཚོལ་ཞིབ་བྱས་ཏེ། མཉམ་དུ་རི་སྔོ་ཆུ་དྭངས་ཀྱི“ལྗང་མདོག”གི་འདུས་ཚད་དེ་གསེར་རི་དངུལ་རིའི“གསེར”གྱི་འདུས་ཚད་དུ་འགྱུར་བར་བྱེད་དགོས་པ་དང་། མཚོ་སྔོན་གྱི་ནུས་ཁུངས་གསར་བའི་མ་ལག་ཁྲོད་ཧུར་ཐག་གིས་ཞུགས་པ་དང་ཐཱན་མེད་ཐོན་ལས་གླིང་ཁུལ་སོགས་འཛུགས་སྐྲུན་བྱེད་པའི་ནང་ཧུར་ཐག་གིས་ཞུགས་ཏེ། རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མིག་དཔེ་གཏོད་དགོས། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཁྲོད་མཉམ་འཛུགས་མཉམ་སྤྱོད་མཉམ་རྒྱལ་ཡོང་བར་བྱེད་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས། ལྗང་མདོག་རྩིས་ནུས་ཐོན་ལས་རྟེན་གཞི་བཅས་མཉམ་སྐྲུན་བྱས་ཏེ། ས་གནས་རང་གི་ཁྱད་ཆོས་དང་དགེ་མཚན་མཚོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་པར་ཤུགས་སྣོན་དགོས། ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པའི་ཁྲོད་མཉམ་འཛུགས་མཉམ་སྤྱོད་མཉམ་རྒྱལ་ཡོང་བར་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་སྐུལ་འདེད་དང་། རྒྱབ་སྐྱོར། ཁྲིད་སྟོན་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། བློ་གཅིག་སེམས་གཅིག་གིས་ཚོང་ལས་ལ་མཐོང་ཆེན་བྱེད་པའི་སྐྱེ་ཁམས་དང་། སྤུས་ལེགས་ཀྱི་ཞབས་ཞུའི་སྐྱེ་ཁམས། སྤུས་ལེགས་ཀྱི་སྒོ་འབྱེད་སྐྱེ་ཁམས་བཅས་སྐྲུན་ཏེ། སྒོ་འབྱེད་མཉམ་བསྲེས་ཀྱིས་སྟོབས་ཤུགས་འདོན་པ་དང་། སྒོ་འབྱེད་ལ་བརྟེན་ནས་གསར་སྐྲུན་གྱི་རྣམ་པ་གཅིག་བསྡུས་བྱས་ནས། སྒོ་འབྱེད་ལ་བརྟེན་ནས་མཉམ་སྤྱོད་ཀྱི་བདེ་སྐྱིད་བསྐྲུན་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། 360སྡེ་ཚོགས་དང་། ཅིན་ཧྲན་མཉེན་ཆས་སྡེ་ཚོགས་ཚད་ཡོད་ཀུང་སི། པེ་ཅིན་ཅིན་ཏུང་དུས་རབས་ཉོ་ཚོང་ཚད་ཡོད་ཀུང་ཟིའི་འགན་ཁུར་པ་བཅས་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་མགོ་འཛིན་བྱས།

ཐེན་ཅིན་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཧྲའོ་ཧུང་དང་། སི་ཁྲོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལོ་ཆང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀང་བཅས་ཀྱིས་དྲིལ་སྒྲོག་འོས་སྦྱོར་བྱས། ཀྲུང་གོ་ཤར་ཕྱོགས་གློག་ཤུགས་སྡེ་ཚོགས་ཀུང་ཟིའི་སྤྱིའི་ལས་འཛིན་པ་གཞོན་པ་ལིས་ཀྲུང་ཅུན་དང་། 360སྡེ་ཚོགས་ཀྱི་སྲོལ་འབྱེད་པ་དང་སྤྱིའི་འགན་འཛིན་པའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཀྲིག་ཧུང་ཡུས། པེ་ཅིང་ཅིན་ཧྲན་གཞུང་ལས་མཉེན་ཆས་མ་རྐང་ཀུང་ཟིའི་མགོ་གཙོ་གཞོན་པ་ཝང་ཏུང་། ཐི་སི་ལཱ་རླངས་འཁོར(པེ་ཅིང)ཚད་ཡོད་ཀུང་ཟིའི་བྱང་ཁུལ་གྱི་སྤྱིའི་ལས་འཛིན་པ་མཱ་ལིས་བཅས་ཀྱིས་ཚོགས་ཞུགས་ཁེ་ལས་ཀྱི་ཚབ་བྱས་ནས་བརྗེ་རེས་གཏམ་བཤད་གནང་བ་དང་། ཡུལ་དངོས་ནས་དངུལ་གཏོང་སྤྱིའི་གྲངས་ཀ་སྒོར་མོ་ཐེར་ཆེན་ལྔ་དང་ཐེར་འབུམ་གསུམ་དུང་ཕྱུར་དྲུག་གི་ལས་གཞི་གཙོ་བོ18ཀྱི་མཉམ་ལས་གྲོས་མཐུན་བཞག་པ་རེད།

ཐེན་ཅིན་དང་། ཅང་སུའུ། སི་ཁྲོན། བོད་ལྗོངས་བཅས་ཀྱི་འཐུས་ཚབ་ཚོགས་པ་དང་། ཀྲུང་དབྱང་ཁེ་ལས་ཁག་ཅིག་གི་མགོ་ཁྲིད་དང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཁེ་ལས་ལས་ཁུངས་ཀྱི་འགན་འཁུར་བ་དང་། རྒྱལ་ཁོངས་བརྒལ་བའི་ཁེ་ལས་དང་ཞིང་ཆེན་ཕྱིའི་ཁེ་ལས་གྲགས་ཅན་གྱི་འཐུས་མི། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། གྲོང་ཁྱེར་དང་ཁུལ་སྲིད་གཞུང་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་སོ་སོ། བཟོ་ལས་གླིང་ཁུལ་དང་ཞིང་ཆེན་ནང་ཁུལ་གྱི་དངུལ་རྩའི་སྒྲིག་གཞི། མཚོ་སྔོན་གྱི་ཡུལ་གཞན་དུ་ཡོད་པའི་ཚོང་ཚོགས་ཀྱི་འགན་འཁུར་བ་སོ་སོ་བཅས་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ཀྱི་འཐུས་མི་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།

ཚེ་རིང་སྒྲོལ་མས་བསྒྱུར།