ཞི་ཅིན་ཕིང་གིས་སའོ་ལའོ་མིན་གླིང་ཚོམ་གྱི་ཙུང་ལི་ལ་མཇལ་འཕྲད་གནང་།
2024.07.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 33

ཟླ7པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སའོ་ལའོ་མིན་གླིང་ཚོམ་གྱི་ཙུང་ལི་མཱ་ནེ་ལའེ་དང་མཇལ་འཕྲད་གནང་།

ཟླ7པའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སའོ་ལའོ་མིན་གླིང་ཚོམ་གྱི་ཙུང་ལི་མཱ་ནེ་ལའེ་དང་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སའོ་ལའོ་མིན་གླིང་ཚོམ་གྲོགས་པོ་བཟང་པོ་དང་། ཟླ་གྲོགས་བཟང་པོ། སྤུན་ཟླ་བཟང་པོ་བཅས་སུ་བརྩི་བ་དང་། སའོ་ལའོ་མིན་ཕྱོགས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་ཕྱོགས་ཀྱིས་སའོ་ལའོ་མིན་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱག་པ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཐད་ནས་སའོ་ལའོ་མིན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་འཕེལ་རྒྱས་དང་། སྨན་བཅོས་ཞབས་ཞུ། རྨང་གཞིའི་སྒྲིག་བཀོད། རྒྱུན་མཐུད་འཕེལ་རྒྱས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ལག་རྡང་སྦྲེལ་ནས་དུས་རབས་གསར་པའི་ཀྲུང་གོ་དང་སའོ་ལའོ་མིན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པ་བསྐྲུན་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་བཙན་རང་བདག་དང་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་སོ་སོ་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་བཅས་ལ་མ་བལྟས་པར་ཚང་མ་འདྲ་མཉམ་ཡིན་པའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོས་སའོ་ལའོ་མིན་གླིང་ཚོམ་སོགས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་དང་མཛའ་མཐུན་མཉམ་ལས་བྱེད་པ་ནི་ལྷག་བསམ་རྣམ་དག་གིས་གླིང་ཕྲན་རྒྱལ་ཁབ་འཕེལ་རྒྱས་ཡོང་བར་རོགས་རམ་བྱས་པ་ཞིག་དང་། “འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས”སྒྲོམ་གཞིའི་ནང་ཕན་ཚུན་རོགས་རེས་བྱས་པ་ཞིག་ཡིན་པས། “གོ་ལ་ཧྲིལ་པོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ”དག་དང་མཉམ་དུ་འཕེལ་རྒྱས་འགྲོ་བའི་ཁྱབ་ཁོངས་སུ་གཏོགས་པ་དང་། ཕྱོགས་གསུམ་པར་དམིགས་པ་དང་སྒེར་གྱི་ཁེ་ཕན་གཉེར་བ་གང་ཡང་མིན། ཀྲུང་གོ་ཕྱོགས་ཀྱིས་སའོ་ལའོ་མིན་གླིང་ཚོམ་འཕེལ་རྒྱས་ཡོང་ཆེད་རང་ནུས་གང་ལྕོགས་ཀྱིས་མུ་མཐུད་དུ་རོགས་རམ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་གླེང་སྟེགས་སོགས་ཕྱོགས་མང་སྒྲིག་གཞིའི་ཁྲོད་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས།

མཱ་ནེ་ལའེ་ཡིས་བསྟན་དོན། ངས་ད་ཐེངས་ཀྲུང་གོར་འཚམས་འདྲི་བྱེད་སྐབས་ཐོག་མར་ཧྥུའུ་ཅན་ནས་འགོ་བརྩམས་པ་ཡིན་ལ། ཀྲུང་གོའི་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་མྱོང་ཚོར་ཟབ་མོ་བྱུང་བར་མ་ཟད། སའོ་ཀྲུང་མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེན་པོ་དང་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ཡང་ཚོར་བྱུང་། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མིག་དཔེ་བསྟན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་དང་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་ཆུང་བའི་ངན་འབྲེལ་མི་བྱེད་པ་དང་། ས་ཁུལ་བར་གྱི་ཆབ་སྲིད་བྱ་བ་མི་སྤེལ་ལ། རྒྱལ་ཁབ་གཞན་པས་ལངས་ཕྱོགས་གདམ་གསེས་བྱེད་པར་བཙན་སྐུལ་མི་བྱེད་པར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པའི་འདོད་བློ་བཏོན་ཡོད།  ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་བཅས་བཏོན་པ་དེ་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པར་མ་ཟད། སའོ་ལའོ་མིན་གླིང་ཚོམ་ལྟ་བུའི་རྒྱལ་ཁབ་ཆུང་གྲས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཞུགས་པ་དང་སའོ་ལའོ་མིན་གླིང་ཚོམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་འཕེལ་རྒྱས་མངོན་གསལ་དོད་པོ་འབྱུང་བར་ཕན་ཐོགས་བསྐྲུན་ཡོད། སའོ་ལའོ་མིན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་ནན་མོ་བྱེད་པ་དང་། རྣམ་པ་གང་རུང་གི“ཐའེ་ཝན་རང་བཙན”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད། སའོ་ལའོ་མིན་ཕྱོགས་ཀྱིས་སའོ་ལའོ་མིན་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་རེ་བ་བྱེད་ཀྱིན་ཡོད་ཅེས་གསུངས།

ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སའོ་ལའོ་མིན་གླིང་ཚོམ་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་ནས་ཀྲུང་གོ་དང་སའོ་ལའོ་མིན་བར་དུས་རབས་གསར་པར་ཕན་ཚུན་བརྩི་འཇོག་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་གཏིང་ཟབ་ཏུ་བཏང་སྟེ་དུས་རབས་གསར་པའི་ཀྲུང་གོ་དང་སའོ་ལའོ་མིན་བར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་འཐད་པ་བྱུང་།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།