ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཚོགས་འདུའི་རྒྱལ་ཁབ་གྲོས་ཁང་ཞོལ་མའི་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཝོ་ལའོ་ཅིན་དང་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་ཐི་ཝའེ་ཡན་ཁི་ཡི་གདན་ཞུས་ལྟར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཟླ7པའི་ཚེས9ཉིན་ནས་ཚེས13ཉིན་བར་ཨུ་རུ་སིར་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་ཞིང་། ཧྲིན་པིས་ཏི་པའོ་རུ་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཕྲད་གནང་ལ། མོ་སི་ཁོ་རུ་མཱ་ཐི་ཝའེ་ཡན་ཁི་དང་ཝོ་ལའོ་ཅིན་སོ་སོར་གྲོས་མོལ་གནང་བ་དང་། ཀྲུང་གོ་དང་ཨུ་རུ་སིའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པར་ཞུགས།
ཀྲའོ་ལི་ཅི་ཡིས་ཕུའུ་ཅིང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་། ཀྲའོ་ལི་ཅི་ཡིས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་ཆུ་ཚད་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཕྱིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཕན་པ་ཐོབ་ཡོད། ཉིན་ཤས་གོང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་གཉིས་ཀྱིས་ཨ་སི་ཐཱ་ནཱ་རུ་སླར་ཡང་ཐུག་འཕྲད་བྱས་ནས་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་རབ་དང་རིམ་པ་བྱུང་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཚོགས་འདུ་དང་མཉམ་དུ་ཁྲིམས་འཛུགས་སྒྲིག་གཞིའི་ངོས་ནས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་བཅས་བྱ་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས།
ཕུའུ་ཅིང་གིས་ཀྲའོ་ལི་ཅི་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བྱམས་བརྩེའི་འཚམས་འདྲི་གནང་། ཁོས་བཤད་རྒྱུར། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུན་རིང་མ་སོང་གོང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཨ་སི་ཐཱ་ནཱའི་རྩེ་ཚོགས་སྐབས་སུ་གྲུབ་འབྲས་ཐོབ་པའི་ངང་ཐུག་འཕྲད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཁྲོད་ཀྱི་གྲོས་གཞི་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཨུ་རུ་སི་དང་ཀྲུང་གོའི་ཁྲིམས་འཛུགས་སྒྲིག་གཞིས་ཐོག་མཐའ་བར་གསུམ་དུ་ཆུ་ཚད་མཐོ་བའི་མཉམ་ལས་རྒྱུན་འཁྱོངས་བྱས་པ་དེས་ཁྲིམས་འཛུགས་ཐད་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་གྲོས་གཞི་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། དམིགས་འབེན་ཁག་འགྲུབ་ཆེད་ཕན་ཡོད་ཀྱི་དཔལ་འབྱོར་དང་། རིག་གནས། བཅའ་ཁྲིམས་སོགས་ཀྱི་ཁོར་ཡུག་གཏོད་རྒྱུ་ཡིན། ཨུ་རུ་སི་དང་ཀྲུང་གོའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཤུགས་སྣོན་བརྒྱབ་ཚེ་རྒྱལ་ཁབ་གཉིས་ཀྱི་ཉམས་མྱོང་བརྗེ་རེས་དང་། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ། ཁྲིམས་འཛུགས་དང་ས་གནས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་རྒྱུར་ཡང་ཕན་ཐོགས་ཡོད་ཟེར།
མཱ་ཐི་ཝའེ་ཡན་ཁི་དང་ཝོ་ལའོ་ཅིན་གཉིས་དང་སོ་སོར་གྲོས་མོལ་བྱེད་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་ནི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་དེ་ཡིན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཁྲིད་སྟོན་དུ་བྱས་ཏེ་འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་དང་འགྲོ་ལམ་ཡིད་རྟོན་ཇེ་བརྟན་དུ་བཏང་སྟེ་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། དུས་ཡུན་རིང་པོའི་ནང་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་གྲོས་ཁང་ཞོལ་མ་དང་བརྗེ་རེས་དང་མཉམ་ལས་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིས་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ཏེ་ཀྲུང་གོ་དང་ཨུ་རུ་སིའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ཕྱོགས་གཉིས་མཛའ་མཐུན་ཚན་ཆུང་སོགས་ལམ་སྲོལ་དང་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ནས་རིམ་པ་མང་བ་དང་། ཁྱབ་ཁོངས་མང་པོ། ཐབས་ལམ་མང་བ་བཅས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛུགས་ཉམས་མྱོང་ཐད་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་བྱས་ཏེ་དངོས་སྒྲུབ་མཉམ་ལས་ལ་ཁྲིམས་སྐྱོང་གི་འགན་ལེན་མཁོ་འདོན་བྱེད་དགོས། གསེར་གྱོམ་མཉམ་ལས་ལམ་སྲོལ་དང་། རྒྱལ་ཁབ་ཁག་གི་གྲོས་ཁང་མནའ་འབྲེལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལས་སྟེགས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་དུ་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོང་བྱ་དགོས་ཟེར།
མཱ་ཐི་ཝའེ་ཡན་ཁི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག་ཨུ་རུ་སི་དང་ཀྲུང་གོའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་ཆུ་ཚད་མཐོ་བའི་སྒོ་ནས་འཁོར་སྐྱོད་བྱེད་ཀྱི་ཡོད། ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཨུ་རུ་སིའི་སྤྱི་ཚོགས་ཀྱི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཁྲིམས་འཛུགས་མཉམ་ལས་ལ་ཤུགས་སྣོན་བརྒྱག་པ་དང་། ས་གནས་ཀྱི་ཁྲིམས་འཛུགས་ལས་ཁུངས་དང་། ན་གཞོན་གྲོས་མི། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་བཅས་བར་གྱི་བརྗེ་རེས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་དང་མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཝོ་ལའོ་ཅིན་གྱིས་བསྟན་དོན། ཨུ་རུ་སིའི་རྒྱལ་ཁབ་གྲོས་ཁང་ཞོལ་མའི་གྲོས་ཁང་གི་ཏང་ཁག་མི་འདྲ་བས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཀྱི་འདོད་ཚུལ་ཚད་མཐོའི་གཅིག་མཐུན་ཡིན། ཨུ་རུ་སིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ནན་མོ་བྱེད་པ་དང་། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་མཉམ་ལས་བྱེད་སྟངས་གསར་པ་གསར་གཏོད་དང་འཐུས་ཚང་དུ་བཏང་ནས་མཉམ་ལས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཟེར།
ཚེས10ཉིན། ཀྲའོ་ལི་ཅི་ཀྲུང་གོ་དང་ཨུ་རུ་སིའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཁོང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སིའི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་ཆུ་ཚད་མཐོ་བ་དང་དམིགས་བསལ་རང་བཞིན་མངོན་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་འཐབ་ཇུས་མཉམ་ལས་དམ་ཟབ་བྱས་ནས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་བྱས་ནས་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་གཏོང་རྒྱུར་རོགས་རམ་བྱེད་དགོས། ཁྲིམས་འཛུགས་ལས་ཁུངས་ཀྱི་འགན་ནུས་ནུས་པ་འདོན་སྤེལ་བྱས་ཏེ། ཁྲིམས་སྐྱོང་གི་རྣམ་པར་བརྟེན་ནས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དར་སྤེལ་བཏང་ནས་རྒྱལ་ཁབ་འབྲེལ་བའི་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མཐུན་སྒྲིལ་ངང་ཁྲིམས་འཛུགས་ལས་ཁུངས་ཀྱི་ངོས་ནས“གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ”ཀྱི་སྟོབས་ཤུགས་སྟོབས་ཆེར་གཏོང་དགོས་ཟེར།
འཚམས་འདྲིའི་སྐབས་སུ་ཀྲའོ་ལི་ཅི་ཡིས་མོ་སི་ཁོ་རུ་ཨུ་རུ་སིའི་མིང་མེད་སྔོན་གཤེགས་དཔའ་བོའི་བང་སོར་མེ་ཏོག་གི་ཕྲེང་བ་ཕུལ།
ཤ་བོ་གསེར་མཚོས་བསྒྱུར།